བལ་ཡུལ་གྲོང་གསེབ་ཁུལ་དུ་དྲ་རྒྱ་བརྒྱུད་སྨན་གཏུགས་ལས་འཆར།
2010.03.31
༄༅༎བལ་ཡུལ་གྱི་མཐའ་འཁོབ་གྲོང་གསེབ་ཁུལ་གྱི་ནད་པ་ཚོས་གནས་འཕྲིན་དྲ་རྒྱའི་ཐོག་ཆེད་ལས་སྨན་པའི་མཉམ་ནད་གཞི་བཅོས་ཐབས་སྐོར་གྲོས་བསྡུར་བྱེད་ཐུབ་པའི་ལས་འཆར་གསར་པ་ཞིག་བལ་ཡུལ་གཞུང་གིས་གང་མྱུར་འགོ་འཛུགས་གནང་རྒྱུ་རེད་འདུག།
བདུན་ཕྲག་འགའ་ཤས་རྗེས་བལ་ཡུལ་གཞུང་གིས་མང་ཆེ་བ་ཐག་རིང་རི་ཁུལ་ས་གནས་ཁག་ནང་ཡོད་པའི་རྫོང་སྡེ་༢༥སྨན་ཁང་ཁག་གིས་སླད་ཕྱིན་བཅོས་མའི་སྒྱུ་སྐར་གྱི་འཕྲུལ་རིག་ལག་རྩལ་ཐོག་བརྟེན་པའི་གནས་འཕྲིན་དྲ་ལམ་བརྒྱུད་རྒྱལ་ས་ཀཐ་མན་དྲུའི་ནང་གི་ཆེད་ལས་སྨན་པ་དང་འབྲེལ་གཏུགས་བྱེད་ཐུབ་པའི་ཆ་རྐྱེན་བསྐྲུན་གནང་རྒྱུ་ཡིན་པ་རེད། བལ་ཡུལ་དངུལ་ལོར་ས་ཡ་༣༠གནས་པའི་གོང་ཞུས་ལས་འཆར་དེ་ནི་རྒྱུན་དུ་བལ་ཡུལ་གྱི་ས་གནས་ཕལ་ཆེ་བའི་ནང། ནད་པ་ཚོ་ཉི་མ་མང་པོ་གོམ་པ་རྒྱབ་ནས་སྨན་ཁང་བསྟེན་གཏུགས་བྱེད་བར་འགྲོ་དགོས་ཀྱི་ཡོད་པའི་མི་དམངས་ས་ཡ་མང་པོ་ཞིག་གི་འཕྲོད་བསྟེན་གནས་སྟངས་བཟང་དུ་གཏོང་རྒྱུར་དམིགས་པ་ཞིག་ཡིན་པ་རེད།
བལ་ཡུལ་ཤར་ཕྱོགས་ཇོ་མོ་གླང་མ་མངའ་ཁུལ་གྱི་སྨན་ཁང་ལྟེ་བའི་སྤྱི་ཁྱབ་ལོ་༢༤རིང་གནང་མྱོང་མཁན་སྨན་པ་མིག་དམར་ཤར་པ་ལགས་ཀྱིས་ལས་འཆར་དེ་ཐོག་མར་འཆར་འགོད་གནང་ཡོད་ཅིང༌། བལ་ཡུལ་གྲོང་གསེབ་ཁུལ་གྱི་འཕྲོད་བསྟེན་ལས་བྱེད་པ་ཚོར་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་པའི་ཐད་ཀའི་མྱོང་ཚོར་མང་པོ་ཞིག་ཁོང་ལ་བྱུང་ཡོད་པ་རེད། སྨན་པ་མིག་དམར་ཤར་པ་ལགས་ཀྱིས་ཕ་རེན་སི་གསར་ལས་ཁང་ལ། སྨན་པ་ཕལ་ཆེ་བ་གྲོང་ཁྱེར་ནང་སྡོད་འདོད་བྱེད་ཀྱི་ཡོད་པ་དང། ཡང་མང་པོ་ཞིག་ཕྱི་རྒྱལ་ལ་འགྲོ་རྒྱུའི་འདོད་པ་ཆེ་བ་བྱེད་ཀྱི་ཡོད་སྟབས་ བལ་ཡུལ་གྱི་ཐག་རིང་མཐའ་འཁོབ་རྫོང་སྡེ་ཁག་ནང་ཆེད་ལས་སྨན་པ་བསྟེན་ས་ཧ་ཅང་ཁག་པོ་ཡིན་པའི་གནས་སྟངས་ལ་གཟིགས་ནས། བལ་ཡུལ་གཞུང་གི་འཕྲོད་བསྟེན་ལྷན་ཁང་གིས་ གནས་འཕྲིན་དྲ་ལམ་བརྒྱུད་ཆེད་ལས་སྨན་པ་བསྟེན་གཏུགས་བྱེད་ཐུབ་པའི་ཆ་རྐྱེན་དེ་ཚོད་བལྟ་གནང་རྒྱུའི་ཐག་གཅོད་གནང་ཡོག་རེད་ཅེས་གསུངས་བཞག།
གོང་ཞུས་ལས་འཆར་དེའི་འོག་རྒྱལ་ས་ཀཐ་མན་དྲུའི་ནང་གི་པཱ་ཀྲན་སྨན་ཁང་གི་སྨན་པ་ཚོས་ཉིན་ལྟར་ཆུ་ཚོད་གཉིས་རིང་བརྙན་འཕྲིན་ཁ་པར་བརྒྱུད་ཐག་རིང་རྫོང་སྨན་ཁང་གི་སྨན་པ་ཚོར་ནད་གཞིའི་སྐོར་སློབ་སྟོན་གནང་རྒྱུ་དང༌། དེ་བཞིན་འཕྲོད་བསྟེན་ལས་བྱེད་པ་ཚོར་སྨན་བཅོས་དང་འབྲེལ་བའི་ཟབ་སྦྱོང་ཀྱང་གནང་རྒྱུ་རེད་འདུག།