༧གོང་ས་མཆོག་གིས་ནང་ཆོས་ངོ་སྤྲོད་ཐེངས་དགུ་པ་དབུ་ཚུཊ་གནང་།
2015.05.27

ཨེ་ཤེ་ཡ་རང་དབང་རླུང་འཕྲིན། བསྟན་འཛིན་དོན་ཡོད།
དེ་ཡང་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་རིང་ཕྱི་ཚེས་༢༧་ཉིན་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲའི་ནང་བོད་པའི་སློབ་ཕྲུག་གཞོན་སྐྱེས་གཙོ་བོར་གྱུར་བའི་ཕྱི་ནང་ཆོས་ཞུ་བ་ལྔ་སྟོང་ལྷག་ལ་ནང་ཆོས་ངོ་སྤྲོད་ཀྱི་ཉིན་གསུམ་རིང་གི་གསུང་ཆོས་ཐེངས་དགུ་པ་དེ་དབུ་འཛུགས་མཛད་པ་དང་། ༧གོང་ས་མཆོག་གིས་དེ་རིང་གསུང་ཆོས་ཀྱི་ཉིན་དང་པོར་རིག་ལམ་སློབ་སྦྱོང་གི་གལ་ཆེའི་རང་བཞིན་སྐོར་བཀའ་གནང་བ་མ་ཟད། བཙན་བྱོལ་རང་དབང་ཡུལ་གྲུ་ཁག་ནང་གནས་པའི་བོད་པའི་གཞོན་སྐྱེས་རྣམས་འབྱུང་འགྱུར་བོད་ཀྱི་ཆོས་དང་རིག་གཞུང་། བོད་མི་རིགས་ཀྱི་ངོ་བོའམ་རྣམ་པ་རྐང་འཛིན་མཁན་ཡིན་པ་དང་། བོད་ནང་གི་བོད་མི་རྣམས་ལྷག་བསམ་དང་སེམས་ཤུགས། མི་རིགས་ཀྱི་ལར་ཞེན་ཧ་ལས་པ་ཆེན་པོ་ཡོད་ནའི་ཁོང་རྣམས་ལ་རང་དབང་དང་གོ་སྐབས་ཡོག་མ་རེད། བོད་མི་རིགས་ཟེར་བ་མི་རབས་ནས་མི་རབས་བར་གནས་དགོས་ཙང་། ད་ལྟའི་བཙན་བྱོལ་བོད་པའི་གཞོན་སྐྱེས་ཚོའི་མི་རབས་དེ་དཔེ་མི་སྲིད་པའི་གལ་ཆེན་པོ་ཡིན་སྐོར་སོགས་བཀའ་སྩལ་འདུག སང་ཉིན་༧གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་རྣམས་གཙོ་བོར་གྱུར་བའི་ཆོས་ཞུ་བ་རྣམས་ལ་སེམས་སྐྱེད་ཀྱི་ཆོས་འབྲེལ་མུ་མཐུད་ནས་སྩལ་གནང་དང་གསུང་ཆོས་ཉིན་གསུམ་པ་དང་མཐའ་མར་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྒྱུ་དང་། བོད་ཕྲུག་ཁྱིམ་སྡེའི་དགེ་ལས་སློབ་ཕྲུག་ཡོངས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་སློབ་གྲའི་ནང་སྩལ་བའི་གསུང་ཆོས་ཁག་Dalailama.com ཞེས་པའི་དྲ་རྒྱ་བརྒྱུད་ནས་ཐད་ཀར་རྒྱང་སྲིང་ཞུ་བཞིན་འདུག་ལ་དེ་དག་དབྱིན་སྐད་དང་རྒྱ་སྐད། ཧིན་དྷིའི་བཅས་ནང་གསུངས་བསྒྱུར་ཞུ་གིན་ཡོད། ༧གོང་ས་མཆོག་གིས་གསུང་ཆོས་དེ་ནི་གཙོ་བོ་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་རྡ་ས་ནང་ཆོས་གོ་བསྒྲིགས་ཚོགས་ཆུང་གིས་གོ་བསྒྲིགས་དང་། བོད་ཕྲུག་ཁྱིམ་སྡེས་མཐུན་འགྱུར་ཞུས་པ་ཞིག་ཡིན་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།དེ་ནི་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དོན་གཉེར་ཅན་རྣམས་ལ་ཆེད་དུ་དམིགས་པ་ཡིན་པ་རེད། དེའི་སྐོར་ང་ཚོའི་ས་གནས་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས་གནང་།
གསར་འགོད་པ་བསྟན་འཛིན་དབང་རྒྱལ།