རྒྱ་ནག་ནས་གསར་འགོད་ལ་དམ་བསྒྲགས་བྱས་པར་སྐྱོན་བརྗོད།
2008.08.14
༄༅༎བོད་དོན་ལས་འགུལ་སྤེལ་མཁན་ཚོའི་ཐོག་གསར་འགྱུར་བཀོད་མཁན་གསར་འགོད་པའི་ཐོག་རྒྱ་མིའི་ཉེན་རྟོག་པས་བཀག་འགོག་བྱས་པ་དེར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་གནང་འདུག
པེ་ཅིང་དུ་ཆར་ཅན་གསར་འགོད་ལྷན་ཚོགས་ཐོག་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་གི་མགྲིན་ཚབ་མ། དྲེ་ལྦིས་ནས། སྒྲིག་གཞི་དང་མཐུན་པའི་ཐོག་ནས་གསར་འགྱུར་བཀོད་མཁན་ལ་དམ་བསྒྲགས། བསུན་བཙིར་བཟོས་པའི་བྱ་སྤྱོད་འདི་རིགས་བྱེད་ཆོག་གི་མེད་པར་སོང་ཙང་ང་ཚོས་འདིར་མོས་མཐུན་མེད། དེ་འདྲ་ཡིན་དུས་ད་རིང་བརྡ་ལན་གསལ་པོ་སྤྲད་ཀྱི་ཡོད་པས་མ་འོངས་པར་འདི་རིགས་མི་ཡོང་བའི་རེ་བ་ཡོད་ཅེས་གསུངས་འདུག འོན་ཀྱང་གསར་འགོད་ལྷན་ཚོགས་ཐོག་ཁོང་ལ་རྒྱ་ནག་གཞུང་ནས་རྒྱལ་སྤྱིའི་ཨོ་ལིམ་པིག་གི་རྩེད་འགྲན་གྱི་མགྲོན་བདག་སྤྲད་པའི་སྐབས་ཁས་ལེན་བྱས་པ་གཞིར་བཟུང་དོན་དངོས་ཐོག་སྒྲིག་ལམ་འཁྱེར་གྱི་མེད་པའི་བྱ་སྤྱོད་འདིར་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ངོ་ཚ་པོ་ཡོང་གི་མི་འདུག་གམ་ཞེས་ཡང་སེ་བཀའ་འདྲི་ཞུས་པའི་སྐབས་ཁོང་གིས། རྒྱ་ནག་གཞུང་ནས་རྩེད་འགྲན་གྱི་ལས་དོན་གྲ་སྒྲིག་འཐུས་ཚང་བྱེད་ཀྱི་ཡོད་པར་ང་ཚོ་དགའ་པོ་ཡོད་ཅེས་གསུངས་པ་ལས་དམིགས་བསལ་ཞིབ་ཕྲ་ལན་འདེབས་གང་ཡང་རྒྱབ་མེད་པ་རེད།
ཁ་ས་རེས་གཟའ་ལྷག་པའི་ཉིན་བོད་རིགས་གཅིག་དང༌། ཕྱི་རྒྱལ་མི་རིགས་བདུན་ཙམ་ནས་པེ་ཅིང་གི་རྩེད་འགྲན་ཚོགས་ཁང་ལྟེ་གནས་ཀྱི་ཉེ་འཁྲིས་སུ་ཆགས་པའི་སྤྱི་གླིང་ཞིག་ཏུ་བོད་རང་བཙན་ཡིན། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་ཞེས་པའི་འབོད་ཚིག་བསྒྲོགས་ནས་ཕྲེད་དར་དང༌། རྒྱལ་དར་སོགས་དཔྱངས་ནས་ལས་འགུལ་སྤེལ་བའི་སྐབས་གསར་འགྱུར་བཀོད་མཁན་དབྱིན་ཇིའི་ཨ་ཡེ་ཀྲི་ཨེན་ཞེས་པའི་བརྙན་འཕྲིན་ལས་ཁང་གི་གསར་འགོད་པ་ཇེམ་སེ་ རེ་ རྒྱ་མིའི་ཉེན་རྟོག་པ་མང་པོ་ཞིག་གིས་འཛིན་བཟུང་གིས་ཁོ་པར་བསུན་བཙིར་བཟོས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།