ཨི་རན་གྱི་འོས་བསྡུའི་ཟིང་ཆ་ནང་མི་བཅུ་དགུ་རྐྱེན་ལམ་དུ་ཕྱིན་པ།
2009.06.21
༄༅༎ཨི་རན་གྱི་རྒྱལ་ཡོངས་སྲིད་འཛིན་འོས་བསྡུའི་རྗེས་སུ་ཟིང་ཆ་བྱུང་བའི་ནང་ཁ་ས་བར་མི་གྲངས་བཅུ་དགུ་རྐྱེན་ལམ་དུ་ཕྱིན་པ་དང་ཡུལ་དེའི་སྲིད་འཛིན་ཟུར་པའི་བོུ་དང་གཉེན་ཚན་བཞི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
ཨི་རན་གྱི་གཞུང་འབྲེལ་བརྙན་འཕྲིན་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་རེས་གཟའ་སྤེན་པའི་ཉིན་ཨི་རན་གྱི་གཞུང་འཛིན་ཚོགས་པར་ངོ་རྒོལ་རྔམ་སྟོན་བྱེད་སྐབས་ཆས་གོས་ནག་པོ་སྤྲས་པའི་ཉེན་རྟོག་མི་སྣས་ངོ་རྒོལ་བྱེད་མི་ཚོར་བེར་རྒྱུག་དང་མིག་ཆུའི་དུག་རླངས་བཏང་བ་སོགས་བྱས་ཏེ་གདོང་ཐུགས་བྱུང་བའི་ནང་མི་གྲངས་བཅུ་རྐྱེན་ལམ་དུ་ཕྱིན་པ་དང་མི་གྲངས་བརྒྱ་ཙམ་ལ་རྨས་སྐྱོན་བྱུང་འདུག
ཡིན་ན་ཡང་ཨི་རན་ཕྱི་ཕྱོགས་སུ་གནས་ཚུལ་རྒྱང་སྲིང་ཁོ་ན་བྱེད་མཁན་དབྱིན་སྐད་ཐོག་གི་པེ་རེ་སི་ཊི་ལྦི་ཞེས་པས་མི་གྲངས་བཅུ་གསུམ་རྐྱེན་ལམ་དུ་ཕྱིན་པ་དང་ཁོང་ཚོ་དྲག་པོའི་འཇིགས་སྐུལ་རིང་ལུགས་པ་ཡིན་པའི་འགྲེལ་བརྗོད་བྱས་འདུག ཡང་བརྙན་འཕྲིན་དེས་ཨི་རན་གྱི་སྲིད་འཛིན་ཟུར་པ་ཧ་ཤེ་མི་རཕ་སན་ཇ་ནིའི་བོུ་རྒན་ཤོས་ཕེ་ཛ་ཧ་ཤེ་མི་དང་གཉེན་ཚན་བཞི་རེས་གཟའ་སྤེན་པའི་ཉིན་འཛིན་བཟུང་བྱས་སྐོར་གནས་ཚུལ་སྤེལ་བ་ལས་གཉེན་ཚན་བཞི་པོ་དེ་རྣམས་སུ་དང་སུ་ཡིན་མིན་གསལ་ཁ་བཏོན་མིན་འདུག གཟའ་འཁོར་སྔོན་མའི་ནང་ཨི་རན་གཞུང་འབྲེལ་བརྙན་འཕྲིན་ལས་ཁང་གིས་ཡུལ་དེའི་སྲིད་འཛིན་ཟུར་པ་ཧ་ཤི་མི་ཡིས་ཕྱོགས་འགལ་སྲིད་དོན་ཚོགས་པའི་སྲིད་འཛིན་འོས་མི་མཱིར་ཧུ་སེན་མུ་ས་ལྦི་ལ་རྒྱབ་སྐྱོར་བྱེད་མཁན་བརྒྱ་ཕྲག་མང་པོར་གསུང་བཤད་གནང་བཞིན་པའི་བརྙན་པར་བཏོན་ཡོད་འདུག དགུང་གྲངས་བདུན་ཅུ་དོན་ལྔར་ཕེབས་པའི་ཨི་རན་གྱི་སྲིད་འཛིན་ཟུར་པ་རཕ་སན་ཇ་ནི་ཡིས་ད་ལྟའི་ཨི་རན་གྱི་ལས་ཐོག་སྲིད་འཛིན་མའ་མུརྡ་ཨེ་མ་རྡི་ནེ་ཇའརྡ་ལ་མི་དགའ་བའི་དགོངས་ཚུལ་སྦས་གསང་མེད་པར་བཏོན་མཁན་ཡིན་པ་རེད། སྲིད་འཛིན་ཨེ་མ་རྡི་ནེ་ཇའརྡ་ཡིས་སྲིད་འཛིན་ཟུར་པ་རཕ་སན་ཇ་ནི་དང་ཁོང་གི་ནང་མི་ཚོ་ནི་ལྐོག་ཟ་རུལ་སུངས་ཡིན་པའི་ནག་ཉེས་བཙུགས་འདུག་ལ་ཁ་ས་གཟའ་ཉི་མའི་ཉིན་ཨི་རན་གྱི་ཕྱི་སྲིད་བློན་ཆེན་མོ་ཏ་ཀི་ཡིས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་དབྱིན་ཡུལ་དང་ཕེ་རན་སི།འཇར་མ་ནི་བཅས་ཀྱིས་ཨི་རན་གྱི་སྲིད་འཛིན་འོས་བསྡུ་དྲང་པོ་མ་བྱུང་བའི་སྐོར་འདྲི་རྩད་བྱས་པ་ཁག་ལ་ཁ་རྡུང་བཏང་ཡོད་པའི་གནས་ཚུལ་འདུག།