རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དབུ་འཛུགས་མཛད་སྒོར་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་འདུག

2023.07.18
རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དབུ་འཛུགས་མཛད་སྒོར་༧གོང་ས་མཆོག་གིས་བཀའ་སློབ་བསྩལ་འདུག རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དབུ་འཛུགས་མཛད་སྒོའི་སྐབས། ༠༧།༡༨།༢༠༢༣
བསྟན་འཛིན་ལེགས་སྨོན། RFA/Dhasa

སྐབས་༡༦པའི་བཀའ་ཤག་གི་ལམ་སྟོན་འོག་བོད་དོན་ལས་འགུལ་གྱི་ནུས་པ་གོང་མཐོར་གཏོང་ཆེད། འདི་ཚེས་༡༨ཉིན་བཞུགས་སྒར་དུ་ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་དབུ་འཛུགས་གནང་ཡོད་པ་དང་། དབུ་འཛུགས་མཛད་སྒོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་བརྙན་ལམ་བརྒྱུད་ཚོགས་བཅར་བ་ཡོངས་ལ་བཀའ་སློབ་སྩལ་སྐབས། ༧གོང་ས་མཆོག་གིས། ང་ཚོའི་བོད་ཀྱི་དོན་དག་དེ་ཆབ་སྲིད་ཀྱི་སྐད་ཆ་གཅིག་པུ་མ་རེད། ང་ཚོའི་བོད་ཀྱི་དོན་དག་འདི་འཛམ་བུ་གླིང་འདིའི་སྒང་ལ་བསམ་བློའི་ཐོག་ནས་དངོས་གནས་དྲང་གནས་ཀྱི་ཞི་བདེ་དང་། རྒྱུ་མཚན་ལྡན་པའི་ཐོག་ནས་སེམས་སུ་བྱམས་པ་དང་སྙིང་རྗེ། ལྷག་བསམ་སྤེལ་ནས། སེམས་ཅན་ཐམས་ཅད་དང་དེའི་ནང་ཚན་གྱི་འཛམ་བུ་གླིང་འདིའི་སྒང་གི་འགྲོ་བ་མི་ཚང་མ་ཕ་མ་ལྟ་བུ་དང་། མ་ཤེས་དྲིན་དྲན་གྱི་ཐོག་ནས་ཚང་མ་གཉེན་དུ་བསྟེན་ནས། ཚང་མ་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཡིན་དུས་ཀུན་ལ་ཕན་བདེ་བསྒྲུབ་བསམ་པའི་བློ་ཞིག་དགོས་ཀྱི་ཡོད་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་གནང་བ་དཔལ་ན་ལེནྜའི་མཁས་པ་ཀླུ་སྒྲུབ་ཡབ་སྲས་ལ་སོགས་པས་ཞིབ་ཚགས་པོའི་ཐོག་ནས་གཏན་ལ་ཕབ་པ་འདི་ང་ཚོས་རྒྱུན་འཛིན་བྱེད་ཀྱི་ཡོད་རེད། ཁ་ཡོད་ལག་ཡོད་ལ་བྱམས་པ་དང་བརྩེ་བ་གཞི་ལ་བཞག་ནས་ཉམས་ལེན་བྱས་པའི་འབྲས་བུ་ལ་རང་གི་སེམས་ཞི་བདེ་ཡོང་གི་ཡོད་པ་རེད། ང་ཚོའི་སྒང་ལ་རྙོག་དྲ་ཡོང་བསྡད་པ་རྒྱ་ནག་གུང་ཁྲན་ཏང་གི་མི་ཚོ་ལ་ཡིན་ན་ཡང་ང་ཚོས་ཁོང་ཁྲོ་སྐྱེ་རྒྱུའི་ཚབ་ལ་གང་དྲགས་བསམ་ནས་སྙིང་རྗེ་སྐྱེས་པ་མ་གཏོགས་བརྣག་སེམས་དང་གནོད་སེམས་སྐྱེ་རྒྱུ་གང་ཡང་མི་འདུག དེ་འཛམ་གླིང་ཞི་བདེ་ཡོང་བའི་རྒྱུ་གཙོ་བོ་སེམས་ལ་གཞན་ཕན་གྱི་བློ་ཡོད་ན། དངོས་གནས་དྲང་གནས་ཀྱི་ཞི་བདེ་ཡོང་གི་རེད། དེར་བརྟེན། ང་རང་ཚོ་བོད་པའི་གོམས་གཤིས་དང་རིག་གཞུང་དེ་དག་བདག་པོ་རྒྱག་དགོས་ཞེས་བོད་ཀྱི་གནད་དོན་དེ་ཆབ་སྲིད་ཙམ་མ་ཡིན་པར། རྒྱ་ཆེ་ནས་འཛམ་གླིང་སྤྱི་ལ་ཕན་བདེ་བསྐྲུན་ཐུབ་པའི་སྟོན་པ་བཅོམ་འདས་ལྡན་གྱི་བཀའ་རྒྱུན་འཛིན་གནང་མཁན་དེ་ཆགས་ཀྱི་ཡོད་པ་དང་། བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་ཡ་རབས་བཟང་སྤྱོད་ཀྱི་གོམས་གཤིས་སོགས་མི་ཉམས་རྒྱུན་འཛིན་གནང་གལ་ཆེ་བ་སོགས་བཀའ་སློབ་བསྩལ་ཡོད་པ་རེད།

སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་དབུ་ཁྲིད་པའི་སྐབས་༡༦པའི་བཀའ་ཤག་གི་ངོས་ནས། ཕྱི་ལོ་༢༠༢༡ལོར་བོད་མིའི་བོད་དོན་དང་བླངས་ཞུ་གཏུག་གི་ལས་འགུལ་དེ་དངོས་སུ་འགོ་འཛུགས་གནང་བ་ནས་བཟུང་། ད་བར་ཚོགས་མི་༣༥༠ལྷག་ཙམ་ཞིག་ནས་འཛམ་གླིང་ས་ཕྱོགས་གང་སར་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བའི་ཐོག་ཞུ་གཏུག་ལས་འགུལ་སྤེལ་བཞིན་ཡོད་པ་དང་། ད་རེས་ཚོགས་ཆེན་སྟེང་སྲིད་སྐྱོང་མཆོག་གིས་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། བོད་ཀྱི་ལོ་རྒྱུས་དེ་ངེས་པར་མཁྱེན་དགོས་པ་དེ་གལ་འགངས་ཆེན་པོ་ཡིན་པ་དང་། ཐེངས་འདིའི་ཚོགས་འདུ་ཡག་པོ་བྱུང་ཚེ་མ་འོངས་མུ་མཐུད་ལོ་ལྟར་འདི་ལྟ་བུའི་ཚོགས་འདུ་བསྐོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གཏམ་བཤད་གནང་སོང་།
ཐེངས་འདིའི་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་སྟེང་རྒྱལ་ཁབ་མི་འདྲ་བ་༡༦ཙམ་ནས་ཚོགས་བཅར་བ་གཞོན་སྐྱེས་༡༠༠ལྷག་མཉམ་ཞུགས་གནང་ཡོད་ཅིང་། ཚོགས་བཅར་བ་རྣམས་རང་རང་སོ་སོའི་ས་གནས་སུ་བོད་དོན་དང་འབྲེལ་བའི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་དང་། དེ་བཞིན་ཚོགས་བཅར་བ་ཁག་ཅིག་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་བོད་མིའི་དང་བླངས་ཞུ་གཏུག་ལས་འགུལ་གྱི་ཚོགས་མི་ཡང་ཡིན་འདུག
ཚོགས་བཅར་བ་ཁག་ཅིག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་ཞུས་སྐབས། སུད་སི་རྒྱལ་ཁབ་ནས་ཡིན་པ་དང་བོད་མིའི་དང་བླངས་ཞུ་གཏུག་ལས་འགུལ་གྱི་ཚོགས་མི་ཡིན་པ་བསྟན་འཛིན་མཁའ་འགྲོ་ལགས་ཀྱིས། བོད་མི་ཚང་མས་མཉམ་རུབ་ཀྱིས་ལས་འགུལ་སྤེལ་དགོས་རྒྱུ་དེ་གལ་ཆེ་ཡིན་པ་དང་། དེ་ཡོང་བར་ཐོག་མར་ཕན་ཚུལ་ངོ་ཤེས་བྱ་རྒྱུ་དེ་གཙོ་བོ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
སི་པན་རྒྱལ་ཁབ་ནང་བོད་རིགས་མང་པོ་མེད་པའི་རྐྱེན་གྱིས་བོད་དོན་ལས་འགུལ་སྤེལ་རྒྱུ་ཏོག་ཙམ་དཀའ་ཡང་། རང་ལོ་༢༠སོན་པའི་བོད་རིགས་གཞོན་སྐྱེས་བསོད་ནམས་རབ་བརྟན་ལགས་ཀྱིས། ཐོག་མར་སོ་སོའི་འཚོ་བའི་གནས་སྟངས་དེ་ཡག་པོ་ཞིག་བཟོས་ནས། བོད་ནང་གི་གནས་སྟངས་རྒྱུས་ལོན་ཆེད་འབད་རྒྱུ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ཉིན་གསུམ་གྱི་ཚོགས་ཚེན་སྟེང་ཚོགས་བཅར་བ་རྣམས་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་གི་གལ་གནད་དང་། ལྷག་པར་དུ་བོད་ནང་འཕྲད་བཞིན་པའི་དཀའ་ངལ་གནས་སྟངས། གཙོ་བོ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག་བཙན་བྱོལ་ནང་གི་མང་གཙོའི་འཕེལ་རིམ། དེ་བཞིན་ཚོགས་བཅར་བ་རྣམས་ལ་བོད་དོན་ལས་འགུལ་སྤེལ་རྒྱུར་ཐབས་བྱུས་དང་། ཐབས་རྩལ་འདྲ་མིན་བཀོལ་སྤྱོད་ཀྱིས་ལས་འགུལ་སྤེལ་ཕྱོགས་སོགས་ཀྱི་སྐོར་གཏམ་བཤད་གྲ་སྒྲིག་གནང་ཡོད་འདུག
བཙན་བྱོལ་ནང་ཡོད་པའི་བོད་མི་ཚོས་བོད་ནང་གི་སྐུ་ཚབ་གནང་སྟེ། རྒྱལ་སྤྱིའི་སྟེང་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་སྐོར་ཞུ་གཏུག་ལས་འགུལ་མང་དག་ཅིག་སྤེལ་བཞིན་ཡོད་པ་དང་། ཧོ་ལེན་ཌ་རྒྱལ་ཁབ་ནས་ཡིན་པ་ཡེ་ཤེས་བཟང་མོ་ལགས་ཀྱིས། བཙན་བྱོལ་དུ་ཡོད་པའི་བོད་རིགས་གཞོན་སྐྱེས་རྣམས་རང་དབང་གི་ལུང་པའི་ནང་ཡོད་དུས་སོ་སོ་གནས་སའི་ཡུལ་དེའི་ནང་བོད་ནང་གི་བོད་མི་ཚོའི་ཆེད་ལས་འགུལ་གང་མང་སྤེལ་རྒྱུ་དེ་གལ་ཆེ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།

Copy of C0583T01.JPG
བོད་མིའི་སྒྲིག་འཛུགས་ཀྱི་བོད་མིའི་དང་བླངས་ཞུ་གཏུག་ལས་འགུལ་གྱི་དམིགས་ཡུལ་གཙོ་བོ་ཞིག་ནི། བོད་མི་རྣམས་གནས་ཡོད་པའི་རྒྱལ་ཁབ་ཁག་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་གཏན་འབེབས་ལ་ཞུ་གཏུག་གི་ལས་འགུལ་སྤེལ་རྒྱུ་དང་། དེ་བཞིན་སོ་སོའི་ས་གནས་ཀྱི་གྲོས་ཚོགས་འཐུས་མི་སོགས་ལ་བོད་དོན་སྐོར་ཞུ་གཏུག་བྱ་རྒྱུ་དེ་ཡིན་པ་དང་། ཨ་རི་ནས་ཡིན་པ་པ་སངས་བུ་ཁྲིད་ལགས་ཀྱིས། ཁོ་མོས་ད་ལྟའི་ཆར་ཨ་རིའི་གྲོས་ཚོགས་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་རྒྱབ་སྐྱོར་ཁྲིམས་འཆར་བསྐྱར་དུ་བཏོན་པ་དེའི་ཆེད་ཞུ་གཏུག་གི་ལས་འགུལ་སྤེལ་མུས་ཞེས་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིའི་ཉིན་གསུམ་གྱི་ཚོགས་ཆེན་སྟེང་ཚོགས་བཅར་བ་རྣམས་ལ་བོད་ཀྱི་ཆོས་དང་རིག་གཞུང་སོགས་ལ་རྒྱུས་ལོན་ཡོང་ཆེད་མཁས་པ་ཁག་ཅིག་གདན་འདྲེན་གྱིས་གཏམ་བཤད་ལས་རིམ་དང་། ཉིན་གསུམ་པའི་སྐབས་ཚོགས་བཅར་བ་རྣམས་ཚོགས་ཆུང་ཁག་ཏུ་བགོས་ཏེ། མ་འོངས་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་བསྒྲགས་གཏམ་ཞིག་ཀྱང་གཏན་འབེབས་གནང་རྒྱུ་ཡིན་འདུག


གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎