ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་སྨན་ཁང་དུ་གནས་སྤོས་བྱས་པ།
2008.11.17
༄༅༎དེ་ཡང་ཐའེ་ལྦན་གྱི་སྲིད་འཛིན་ཟུར་པ་དྲན་ཤུ་སྦེན་མཆོག་བདུན་ཕྲག་སྔོན་མའི་རེས་གཟའ་ལྷག་པའི་ཉིན་འཛིན་བཟུང་བྱས་པ་ནས་བཟུང་ཟས་བཅད་ངོ་རྒོལ་གནང་ཡོད་པར་བརྟེན་རེས་གཟའ་ཉི་མའི་ཉིན་ཁོང་གི་སྙིང་གི་འཕར་ལྡང་སྐྱོ་རུ་ཕྱིན་ནས་སྨན་ཁང་ཞིག་ཏུ་སྐྱེལ་དགོས་བྱུང་ཡོད་པ་དང་ཁོང་ནས་མུ་མཐུད་ཟས་བཅད་གནང་བཞིན་ཡོད་པར་བརྟེན་སླར་ཡང་རྒྱལ་ས་ཐའེ་པེའི་ནང་གི་སྨན་ཁང་གཞན་ཞིག་ཏུ་གནས་སྤོས་བྱ་དགོས་བྱུང་ཡོད་འདུག ཐའེ་ལྦན་གྱི་ཁྲིམས་ཁང་ནས་ཁོང་ལ་དྲོ་ལར་ས་ཡ་མང་པོའི་ལྐོག་བཟས་བྱས་པའི་ཉེས་བཙུགས་འོག་ཞིབ་མཇུག་དང་འཛིན་བཟུང་བྱས་པ་ཞིག་ཡིན་ནའང་ཁོང་གིས་ད་ལྟའང་ངོས་ལེན་གནང་གི་མེད་པས་མ་ཟད་དེ་དདག་ནི་ཕྱོགས་འགལ་གོ་མིང་ཏང་ཚོགས་པས་ཆབ་སྲིད་ཀྱི་ངན་བྱུས་བཤམས་ནས་ཁོང་ལ་ཉེས་བཙུགས་བྱེད་ཀྱི་འདུག་ཅེས་སྐྱོན་བརྗོད་གནང་གི་ཡོད་པ་རེད།
དེ་དང་ཕྱོགས་མཚུངས་མང་གཙོ་ཡར་ཐོན་ཚོགས་པའི་གྲོས་ཚོགས་འཐུས་མི་ཁག་ཅིག་ནས་ཀྱང་སྲིད་འཛིན་ཟུར་པ་དྲན་ཤུ་སྦེན་མཆོག་ལ་སྲིད་དོན་གྱི་དངས་ཟུག་བྱེད་ཀྱི་ཡོད་པ་མ་ཟད་ཁྲིམས་བཤེར་བྱས་པའི་སྐབས་གཞུང་གི་གནོན་ཤུགས་ཆེན་པོ་སྤྲོད་ཀྱི་ཡོད་ལུགས་སྐྱོན་བརྗོད་ཞུས་ཡོད་པ་རེད། འོན་ཀྱང་གཞུང་འབྲེལ་དང་ལྷག་པར་དུ་ཁྲིམས་གཏུགས་བྱེད་མཁན་ཚོས་དྲན་ཤུ་སྦེན་གྱི་བུ་དང་མནའ་མས་དྲོ་ལར་ས་ཡ་ཉི་ཤུ་རྩ་གཅིག་ཙམ་སྔ་ལོ་སུད་སིའི་དངུལ་ཁང་ནང་བཅོལ་ཡོད་པ་མ་ཟད་དྲན་ཤུ་སྦེན་རང་ཉིད་ནས་ཀྱང་དྲོ་ལར་ས་ཡ་མང་པོ་ལྐོག་རྔན་ལེན་ཡོད་པའི་ཉེས་བཙུགས་བྱེད་ཀྱི་ཡོད་པ་རེད། དྲན་ཤུ་སྦེན་མཆོག་ནས་དངུལ་འབོར་དེ་དག་ནི་སྲིད་འཛིན་འོས་བསྡུའི་འགྲན་བརྩོད་སྐབས་ཞལ་འདེབས་ཀྱི་ཚུལ་དུ་བྱུང་བའི་དངུལ་ཡིན་པ་ལས་ལྐོག་རྔན་མིན་ལུགས་ཨུ་རྩུགས་ཀྱི་གསུངས་བཞིན་ཡོད་པ་བཅས་གང་ལྟར་སྲིད་འཛིན་ཟུར་པ་དྲན་ཤུ་སྦེན་མཆོག་ད་ལྟའི་འཆར་ཟས་བཅད་ངོ་རྒོལ་གྱི་ཚུལ་དུ་བཞུགས་ནས་སྐུ་ཁམས་ཡག་པོ་མེད་པའི་གནས་ཚུལ་ཐོན་འདུག