རྒྱ་གར་ལ་ཡོད་པའི་སྤུན་མཆེད་ལ་འབྲེལ་བ་བྱས་རྐྱེན་བཀག་ཉར་བྱས་འདུག
2017.08.04
རྒྱ་ནག་གཞུང་གི་ཉེན་རྟོག་པས་བྲག་གཡབ་ནས་ཡིན་པ་བྱམས་པ་ཆོས་རྒྱལ་གྱིས་སྤུན་མཆེད་ལ་འབྲེལ་བ་བྱས་ཚུལ་གྱིས་བཀག་ཉར་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། འདི་ལོའི་བོད་ཟླ་ལྔ་པའི་ནང་དུ་བྲག་གཡབ་ཆུ་དབར་དགོན་པའི་ཚེ་ཆོག་གི་དུས་སྟོན་ཆེན་མོར་མི་མང་ཕོན་ཆེན་ཆུ་དབར་དགོན་དུ་འདུ་འཛོམས་བྱས་པའི་སྐབས། ཆུ་དབར་དགོན་པའི་ཉེ་འགྲམ་དུ་ཡོད་པའི་རྒྱ་ནག་གཞུང་གི་ནོང་ཁྲང་ཤང་ཟེར་བ་དེ་ནས་བྲག་གཡབ་མཁར་སྒང་སོ་ཁྲི་བ་བྱམས་པ་ཆོས་རྒྱལ་ལགས་སུ་ཁ་པར་འབྱོར་ནས་འཕྲལ་མར་ནོང་ཁྲང་ཤང་དུ་ཡོང་དགོས་ལུགས་བཀའ་འགུགས་བྱས་འདུག་པ་དང་། བྱམས་པ་ཆོས་རྒྱལ་ལགས་ནོང་ཁྲང་ཤང་དུ་འབྱོར་བ་དང་། རྒྱ་མིའི་ལས་བྱེད་ཀྱིས་དེ་མ་ཐག་ཏུ་འཛིན་བཟུང་བྱས་པ་མ་ཟད། ཉེས་རྡུང་བཏང་རྗེས་ནོང་ཁྲང་ཤང་རང་དུ་དགོང་མོ་གཅིག་བཀག་ཉར་བྱས་ཡོད་འདུག ཡིན་ནའང་དེ་ཉིན་བྱམས་པ་ཆོས་རྒྱལ་ལགས་རང་ངོས་དང་། དེ་བཞིན་ས་གནས་མི་མང་སུས་ཀྱང་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་མིན་སོགས་ཀྱི་གནས་སྟངས་རྩ་བ་ནས་ཤེས་རྟོགས་བྱུང་མེད་ཅིང་། འོན་ཀྱང་ཉིན་གཉིས་པར་བྲག་གཡབ་རྫོང་ནས་ཉེན་རྟོག་པ་འབྱོར་སྟེ་བྱམས་པ་ཆོས་རྒྱལ་ལགས་བྲག་གཡབ་རྫོང་དུ་ཁྲིད་ཏེ་ས་གནས་དེར་ཉིན་གཉིས་བཀག་ཉར་དང་འདྲི་རྩད་བྱས་སྐབས། ཁོང་གིས་རྒྱ་གར་ནང་ཡོད་པའི་སྤུན་མཆེད་ངག་དབང་བྱམས་པ་དང་འབྲེལ་བ་ཡོད་མེད་དང་།་ད་དུང་བྱམས་པ་ཆོས་རྒྱལ་ལགས་ཀྱི་ནང་མི་སུ་དང་སུས་ངག་དབང་བྱམས་པར་དང་འབྲེལ་བ་བྱེད་ཀྱི་ཡོད་པ་སོགས་འདྲི་རྩད་བྱས་པ་དང་ཆབས་ཅིག་ཁ་པར་ནང་དཔྱད་ཞིབ་བྱས་འདུག
ས་གནས་ཉེན་རྟོག་པས་བྱམས་པ་ཆོས་རྒྱལ་ལགས་ཀྱི་ཁ་པར་ནང་རྒྱ་གར་དུ་ཡོད་པའི་སྤུན་མཆེད་ངག་དབང་བྱམས་པ་ལགས་དང་འབྲེལ་བ་ཡོད་པའི་དཔང་རྟགས་གང་ཡང་རག་མེད་དུས། བྲག་གཡབ་རྫོང་ནས་གློད་གྲོལ་བཏང་ཡོད་ཀྱང་ཁོང་གི་ལག་ཐོགས་ཁ་པར་ཉེན་རྟོག་པས་བདག་ཉར་ཞིབ་འཇུག་བྱས་ཏེ་ཉིན་གྲངས་འགའ་ཤས་ཀྱི་རྗེས་སུ་ཕྱིར་སྤྲོད་བྱས་འདུག་ཀྱང་། སྐབས་དེར་ཉེན་རྟོག་པས་ཁོང་ལ་ཁྱོད་རང་ཚོའི་སྤུན་མཆེད་ངག་དབང་བྱམས་པ་ནི་རྒྱ་གར་ལ་ཏཱ་ལའི་བླ་མའི་རྒྱུག་ཁྱི་ཞིག་ཡིན་འདུག་པས་ཁྱོད་ཚོ་སུས་ཀྱང་འབྲེལ་བ་མ་བྱེད་ན་དགའ་གི་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།
བྱམས་པ་ཆོས་རྒྱལ་ལགས་ནི་བྲག་གཡབ་མཁར་སྒང་སོ་ཁྲི་ནས་ཡིན་ཞིང་། ད་ལྟ་རང་ལོ་ ༣༠ དང་། ཕ་རྡོ་རྗེ་རྣམ་རྒྱལ་ལགས་མ་རྡོ་རྗེ་སྒྲོལ་དཀར་ལགས་གཉིས་བུ་ཡིན་འདུག
གསར་འགོད་པ་དབྱངས་སྒྲོན།