བླ་མ་རྫུན་མ་ལས་འཕྲོས་བའི་སྐྱོན་བརྗོད་རྩོམ་ཡིག་སྤེལ་བ།
2015.12.23
འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཟུར་བ་ཀྲུའུ་ཝེ་ཆོན་ལ་སྐྱོན་བརྗོད་རྩོམ་ཡིག་སྤེལ་འདུག
ཉེ་བའི་ཆར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ISISདྲག་སྤྱོད་པར་གདུང་སེམས་མཉམ་སྐྱེད་བྱེད་ཀྱི་འདུག་ཞེས་སྐྱོན་བརྗོད་ཞུ་མཁན་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་བློན་ཆེན་གཞོན་པ་ཟུར་བ་ཀྲུའུ་ཝེ་ཆོན་ལ་དེ་སྔ་ཕྱི་ལོ་༡༩༥༠ཐམ་པའི་ནང་རྒྱ་ནག་གུང་ཁྲན་ཏང་གི་དཔོན་རིགས་དང་ལྷན་དུ་ཕྱག་ལས་གནང་མྱོང་མཁན་དང་། ཤེས་ཡོན་རིག་གནས་ལ་མཁས་ཞིང་། སྤྱི་ཚོགས་ནང་ཧ་ཅང་ཆེས་མཐོང་ཡོད་པའི་བོད་རིགས་རྒན་གྲས་འཇམ་དཔལ་རྒྱ་མཚོ་ལགས་ཞུ་བས་སྐྱོན་བརྗོད་ཞུས་པའི་ནང་། ཀྲོའུ་ཝེ་ཆོན་གྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སང་རྒྱ་ནག་དང་། ཧོང་ཀོང་སོགས་ནང་དངུལ་གྱི་ཆེད་དུ་བླ་མ་རྫུན་མ་ངོས་འཛིན་བྱས་ནས་མི་མང་ལ་བཤུ་གཞོག་བྱེད་བཞིན་པར་ཐུགས་ཚབས་ཆེན་པོ་ཡོད་ལུགས་ཐེངས་མང་གསུངས་པ་བཞིན་ད་སྐབས་རྒྱ་ནག་ནང་བླ་མ་རྫུན་མ་བྱུང་བཞིན་པ་དེ་ཚོར་ཁ་གཏད་བྱ་རྒྱུའི་ཚབ་ཏུ་རྒྱལ་གཅེས་བློ་མཐུན་དང་། བོད་མིའི་བླ་མ་སོགས་ལ་སྐུར་བ་འདེབས་པ་སོགས་ཀྱི་ངན་ཇུས་བཤམ་པར་སྐྱོན་བརྗོད་ཀྱི་རྩོམ་བྲིས་ཞིག་སྤེལ་ཡོད་པ་དང་། རྗེས་སུ་རྩོམ་ཡིག་དེ་རྒྱ་ནག་དང་བོད་ནང་གི་དྲ་རྒྱ་མང་པོ་ནས་ཕྱིར་འཐེན་བྱས་ཡོད་འདུག
དེ་ནི་དེ་སྔ་རྒྱ་ནག་ནང་བྱུང་མྱོང་མེད་པའི་གནས་ཚུལ་ཞིག་ཡིན་པ་དང་། རྒྱ་ཡིག་གི་ཐོག་བྲིས་པའི་རྩོམ་བྲིས་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དབྱིན་ཡིག་ཐོག་བསྒྱུར་འདུག
ཕྱི་ལོ་༢༠༡༠ལོ་བར་རྒྱ་ནག་གཞུང་དང་། བོད་མིའི་སྐུ་ཚབ་དབར་ཞི་མོལ་ཐེངས་མང་གནང་སྐབས་ཀྲོའུ་ཝེ་ཆོན་ཁོང་གྲངས་ཉུང་མི་རིགས་དང་རྒྱ་ནག་ཆོས་དོན་ལྷན་ཁང་གི་གཙོ་འཛིན་ཡིན་པའི་ཆ་ནས་ཁོང་དང་ལྷན་དུ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་རྣམ་པས་མཇལ་འཕྲད་གྲོས་མོལ་གནང་མྱོང་ཡོད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།