འཇམ་དཔལ་རྒྱ་མཚོས་བོད་དོན་སྐད་འབོད་རྗེས་འཇུ་བཟུང་བྱས་བ།
2015.09.09

མདོ་སྨད་རྔ་བ་རྫོང་མཁར་ནས་དགེ་འདུན་པ་འཇམ་དཔལ་རྒྱ་མཚོས་བོད་ལ་རང་དབང་དགོས་བའི་བོད་དོན་སྐད་འབོད་རྗེས་འཇུ་བཟུང་བྱས་བ།
འདི་ག་རླུང་འཕྲིན་ཁང་ལ་བོད་ནས་གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་སྤྱི་ཟླ་༩པའི་ཚེས་༩་ལྷག་དཀར་ཉིན་གྱི་ས་གནས་ཀྱི་ཆུ་ཚོད་༡༢ཙམ་ལ། མདོ་སྨད་རྔ་བ་རྫོང་ཀིརྟི་དགོན་པའི་དགེ་འདུན་པ་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས་ལག་གཉིས་ཀྱིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་མཐོན་པོར་བཏེགས་བཞིན། རྔ་པ་རྫོང་ཐོག་ཏུ་བོད་ལ་རང་དབང་དགོས་ཞེས་བོད་དོན་སྐད་འབོད་དང་ཁྲོམ་སྐོར་གནང་ཡོད་པ་དང་། རིང་བོ་མ་སོང་བར་རྒྱ་ནག་གི་ཉེན་རྟོག་པས་བཙན་གྱིས་འཛིན་བཟུང་བྱས་ཡོད་འདུག་ལ་སྐབས་དེར་རྫོང་ཐོག་གི་བོད་མི་མང་པོས་ཀི་སྒྲ་སྒྲོག་བཞིན་རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་ཡོད་པ་རེད།
ས་གནས་བོད་མི་ཞིག་གིས་བརྗོད་དོན། དགེ་འདུན་པ་ཁོང་གིས་བོད་ལ་རང་དབང་དགོས། རྒྱལ་དབང་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་བརྟན་པར་ཤོག་ཟེར་བཞིན་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་སྟེ་གོམ་བགྲོད་བྱས་བ་མཐོང་ཐོས་བྱུང་བ་ངོ་སྤྲོད་གནང་བྱུང་།
ཡང་བོད་མི་གཞན་ཞིག་གིས། དགེ་འདུན་པ་འཇམ་དཔལ་རྒྱ་མཚོ་འཇུ་བཟུང་རྗེས་ས་གནས་སུ་དམ་དྲག་དང་། རྒྱ་ནག་གི་ཉེན་རྟོག་པ་ཀི་རྟི་དགོན་པའི་དུས་འཁོར་འདུ་ཁང་གི་གཡོན་ཕྱོགས་ཀྱི་ཁོང་གི་གྲྭ་ཤག་ལ་ཡོང་ནས་སྔོག་བཤེར་བྱེད་བཞིན་པ་ངོ་སྤྲོད་གནང་བྱུང་།
དགེ་འདུན་པ་འཇམ་དཔལ་རྒྱ་མཚོ་ལགས་ནི་མདོ་སྨད་རྔ་བ་རྨེ་རུ་མ་རུ་ཆེན་གསུམ་པའི་མི་དང་། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ཡིན་པ་རེད།
ཁེ་ཉིན་སྤྱི་ཟླ་༩པའི་ཚེས་༧་ཉིན་གྱི་ཕྱི་དྲོར་ཡང་། མདོ་སྨད་རྔ་བ་རྫོང་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་གིས་ལག་གཉིས་ཀྱིས་༧གོང་ས་མཆོག་གི་སྐུ་པར་ཞིག་མཐོན་པོར་བཏེགས་བཞིན། རྔ་པ་རྫོང་ཐོག་ཏུ་བོད་ལ་རང་དབང་དགོས་ཞེས་བོད་དོན་སྐད་འབོད་གནང་ཡོད་པ་དང་། རིང་བོ་མ་སོང་བར་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་གནས་སྟངས་གསལ་བོ་མེད་པར་གྱུར་ཡོད་པ་དང་། འདས་བའི་བདུན་ཕྲག་ཁ་ཤས་ནང་ས་གནས་དེར་བོད་དོན་སྐད་འབོད་ཁྲོམ་སྐོར་གྱི་གནས་ཚུལ་བྱུང་ཐེངས་གསུམ་པ་རེད།
གསར་འགོད་པ་ཀླུ་འབུམ།