འཇིགས་མེད་བསམ་གཏན་བཙོན་གྲོལ་བྱུང་བར་ཕེབས་བསུ།
2015.05.07
མི་ལོ་བཞིར་བཙོན་འཇུག་བྱས་བའི་འཇིགས་མེད་བསམ་གཏན་བཙོན་གྲོལ་བྱུང་ནས་ཕ་ཡུལ་དུ་འབྱོར་སྐབས་ཕེབས་བསུ་བྱས་འདུག
དེ་ཡང་རྒྱ་ནག་གཞུང་གིས་མི་ལོ་བཞིའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་པ་འཇིགས་མེད་བསམ་གཏན་ལགས་བཙོན་འཇུག་དུས་བཀག་གཙང་ནས་གློད་གྲོལ་བྱུང་རྗེས་སྤྱི་༢༠༡༥ལོའི་ཟླ ༥ཚེས་༣་ཉིན་ཕ་ཡུལ་དུ་འབྱོར་ཡོད་པ་རེད། སྐབས་དེའི་གནས་ཚུལ་ས་གནས་བོད་མི་ཞིག་གིས་བརྗོད་དོན་ལ། འཇིགས་མེད་བསམ་གཏན་ལགས་ས་གནས་སུ་འབྱོར་སྐབས་དགོན་པའི་དགེ་འདུན་པ་དང་། ས་གནས་བོད་མི་ཚོས་གཞུང་ལམ་གཡས་གཡོན་ནས་ཁོང་ལ་ཁ་བཏགས་ཕུལ་ནས་ཕེབས་བསུ་ཟབ་རྒྱས་བྱས་ཡོད་པ་ཙམ་ལས་ཁོང་གི་སྐུ་གཟུགས་གནས་སྟངས་སོགས་གསལ་པོ་ཤེས་རྟོགས་བྱུང་མེད་པ་རེད།
གནས་ཚུལ་ལྟར་ན། དགེ་འདུན་པ་འཇིགས་མེད་བསམ་གཏན་ལགས་ནི་དགུང་གྲངས་༢༩་ཙམ་ཡིན་པ་དང་། མདོ་སྨད་ཀན་ལྷོ་གཙོད་རྒྱལ་མོ་དགོན་ཡུལ་ཚོའི་མགར་རུ་སྡེ་པའི་གཙུག་ཏོར་ཚང་གི་ཕ་སངས་རྒྱས་རྒྱ་མཚོ་དང་མ་དཀའ་ཐུབ་མཚོ་གཉིས་ཀྱི་བུ་ཡིན་པ་དང་། ཕྱི་ལོ་༢༠༠༨་ལོའི་བོད་ནང་གི་ས་བྱི་ཞི་རྒོལ་རྗེས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱེད་ཐབས་བྱས་པར་བརྟེན་ལོ་ངོ་གསུམ་ལྷག་རིང་རི་མགོ་སོགས་སུ་ཉེན་ཡོལ་དུ་སྡོད་དགོས་བྱུང་བ་དང་། ཕྱིས་སུ་༢༠༡༡ལོའི་ཟླ ༧་པའི་ཚེས་༢་ཉིན་ས་གནས་ཀྱི་གནས་སྟངས་ཅུང་གུ་ཡངས་ཕྱིན་ཡོད་བསམ་ནས་ཕྱིར་དགོན་པར་ལོག་ནས་ཤག་མཚེས་དགེ་འདུན་པ་ཞིག་གི་ནང་ལ་སྡོད་སྐབས་ཉིན་དེའི་མཚན་མོར་ཉེན་རྟོག་པས་གསང་སྟབས་ཀྱི་འཛིན་བཟུང་བྱས་ཡོད་པ་རེད། དེའི་རྗེས་ཞི་བའི་ངོ་རྒོལ་བྱེད་མཁན་གཙོ་བོའི་གྲས་དང་། ཁ་བྲལ་རིང་ལུགས་པ་ཡིན་པ་སོགས་ཀྱི་ཉེས་བཙུགས་བྱས་ནས་མི་ལོི་བཞི་ཙམ་གྱི་དུས་བཀག་ཁྲིམས་ཐག་བཅད་པ་དང་། རྒྱ་ནག་གི་ཏེན་ཤི་ས་གནས་ཀྱི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།