རྩོད་གཞི་ཅན་གྱི་མཚོ་གླིང་ཐོག་རྒྱལ་དར་བཙུགས།
2012.08.19
༄༅༎ད་རེས་རྒྱ་མིའི་ལས་འགུལ་བ་ཁག་ཅིག་གིས་ཉི་ཧོང་གི་མངའ་འོག་ཡོད་པའི་སེན་ཀ་ཀུའི་མཚོ་གླིང་གི་ནང་འཛུལ་ཏེ་ཉི་ཧོང་གཞུང་གིས་འཛིན་བཟུང་གིས་རྒྱ་ནག་ལ་ཕྱིར་འཕུད་ཀྱི་རྗེས་ཉི་ཧོང་ནང་རྒྱལ་ཞེན་ལྟ་བ་ཤུགས་ཆེ་འཛིན་པའི་སྲིད་དོན་པ་བརྒྱད་ཀྱི་གཙོས་རྒྱལ་གཅེས་པ་མི་གྲངས་༡༥༠ མཚོ་གླིང་དེར་བསྐྱོད་དེ་ཉི་ཧོང་གི་རྒྱལ་དར་སྒྲེང་འཛུགས་བྱས་ཡོད་པར་དེ་རིང་རྒྱ་ནག་གཞུང་གིས་དེར་ངོ་རྒོལ་ཤུགས་ཆེ་བྱས་ཡོད་པ་རེད།
ཉི་ཧོང་གི་ཡུལ་སྐད་ནང་སེན་ཀ་ཀུ་ཞེས་མཚོ་གླིང་ཁག་ལྡ་ཡོད་པ་འདི་ལོ་ངོ་བརྒྱ་ཕྲག་ནས་ཉི་ཧོང་གི་མངའ་ཁུངས་ཡིན་པ་བརྗོད་ཀྱི་ཡོད་ལ།རྒྱ་ནག་དང་ཐེ་ཝན་གཉིས་ནས་ཀྱང་མཚོ་གླིང་འདི་རྒྱ་ནག་དང་ཐེ་ཝན་གཉིས་སོ་སོའི་མངའ་ཁུལ་ཡིན་པ་རྩོད་གླེང་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པ་ཆིང་གང་གིས་ཉི་ཧོང་གི་གཡས་ཕྱོགས་ལྟ་བ་འཛིན་པའི་མི་སྣ་ཚོས་རྒྱ་ནག་གི་ས་ཁུལ་བདག་དབང་ལ་བརྩི་མེད་བཏང་ཡོད་པ་དང་། རྒྱ་ནག་གཞུང་གིས་ཉི་ཧོང་གི་གཞུང་ཚབ་ལ་ངོ་རྒོལ་བྱ་རྒྱུ་བྱུང་སྐོར་དང་ཉི་ཧོང་གིས་ རྒྱ་ནག་གི་ས་ཁུལ་བདག་དབང་ལ་བརྩི་འཇོག་དགོས་ཀྱི་ཡོད་ལུགས་གཏམ་བཤད་བྱས་ཡོད་པ་རེད།
ཕྱོགས་མཚུངས་ཐེ་ཝན་གྱིས་ཀྱང་དེ་མཚུངས་ཀྱི་སྐྱོན་བརྗོད་ཅིག བྱས་ཡོད་པ་དང་ ཁ་ས་རྒྱ་ནག་གི་གྲོང་ཁྱེར་ཁག་ཅིག་ནང་རྒྱ་མི་ཚོས་ཉི་ཧོང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དོན་རྐྱེན་ཁག་ཅིག་ཀྱང་བྱུང་ཡོད་པ་རེད༎