ཀླུ་ཆུ་ནས་རང་ལུས་མེར་སྲེགས་རྩིས་དང་འདས་གྲོངས།
2013.01.23
དེ་ཡང་འདི་གར་གནས་ཚུལ་འབྱོར་བ་དང་། དུས་བབ་སོགས་སུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་༡ཚེས་༡༩ཉིན་བོད་ཨ་མདོ་ཀན་ལྷོ་ཀླུ་ཆུ་ཤིས་ཚང་དཔོན་སྐོར་སྡེ་བའི་འཇིགས་བྱེད་སྐྱབས་ལགས་ཀླུ་ཆུའི་ཤིས་ཚང་དཔུང་སྐོར་སྡེ་བའི་སྲང་སྣེ་རུ་གློ་བུར་ས་ལ་འགྱེལ་ནས་སྐུ་གྲོངས་ཡོད་པ་དང༌། སྐབས་དེར་ཉེ་འཁོར་གྱི་མི་ཚོས་ཁོང་གི་ལུས་ལ་ས་སྣུམ་གཤོ་ཡོད་པ་མཐོང་ཡོད་འདུག་ལ་དེ་ནི་ཁོང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་རྩིས་ཡིན་པ་གསལ་བོ་བྱུང་འདུག། དེ་ལྟར་རིམ་པས་གནས་ཚུལ་གསལ་བོ་བྱུང་བ་ལྟར་ན། མེ་བསྲེགས་གཏོང་བར་རྒྱ་ནག་གི་ཉེན་རྟོག་པའི་ལག་ལ་མི་ཤོར་ཆེད་ཝ་དུག་ཟས་ཡོད་པ་ས་གནས་བོད་མི་ཞིག་གིས་འདི་གར་ངོ་སྤྲོད་བྱས་བྱུང་།
དེ་བཞིན་ཚེས་ ༡༩ ཉིན་གྱི་ཞོགས་པར་ཁོང་གི་ཉལ་སའི་ནང་ཁ་ཆེམས་ཡི་གེ་ལག་བྲིས་བྱས་བ་ཞིག་བཞག་ཡོད་པ་ལག་སོན་བྱུང་ཡོད་པ་དང་། དེའི་ནང་འཁོད་དོན། ང་རང་གི་རེ་བ་འགྲུབ་པའི་སྨོན་ལམ་འདེབས། ༢༠༠༨ བོད་རང་བཙན། ཨ་མའི་བུ་ཆུང་ཞིག་ཡིན་ན་ཡར་ལ་ལོངས། ཁ་བའི་བུ་ཆུང་ཡར་ལ་ལོངས། ཁ་བའི་གླུ་བ་ཡར་ལ་ལོངས། རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག གངས་སེང་དཀར་མོ་ལ་གུས་འདུད་ཞུ། ཨ་ཟླ་དང་མ་ལོ། ཨ་ཕ་དང་ཨ་མ་ཁྱོད་ཚོའི་ལུས་ཕུང་ལ་བདག་སྐྱོ ང་བྱེད་རྒྱུ་བུ་ཆུང་ངའི་རེ་བ་ཡིན། ཁྱེད་ཚོ་འཇིག་རྟེན་སྟེང་ཆེས་ཤ་ཚ་བའི་མི་ཡིན། བདག་གིས་སྐྱེ་བ་གཞུག་མར་དྲིན་ལན་འཇལ་རྒྱུ་ཡིན། ཨ་ཕ་ལགས། བུ་ཆུང་ལ་རེ་བ་ཞིག་ཡོད། ཁྱེད་ཀྱིས་ངའི་རེ་བ་འདི་དང་ལེན་བྱེད་རོགས། ངའི་ཆེས་བཟང་བའི་སློབ་གྲོགས། ཡི་དམ་སྐྱིད། ཚེ་དགའ། ལྷ་མོ་སྐྱབས། རོ་རེ། རྟ་མགྲིན་འཚོ ། ཚེ་བརྟན། ལྷ་མོ་སྐྱབས། བསོད་ ཚེ། ལྷ་མོ་འཚོ། ཨ་ཞག རབ་བརྟན། མགོ་དགའ། ཨ་མདོ། སྒྲོལ་མ་འཚོ། བཀྲ་ལོ། སྒོ་མེ། ཚེ་རིང་སྒྲོལ་མ། མ་མ། ལྷ་མོ་ཚེ་བརྟན། གདུགས་དཀར་སྐྱབས། མཁའ་འགྲོ་འཚོ། ཡིག་བརྒྱ་སྐྱབས། སྒྲོལ་མ་སྐྱབས། ཉི་མ། ད་དུང་ཆེས་བཟང་བའི་དགེ་རྒན་ཚོ། ཆེས་བཟང་བའི་དགེ་རྒན་ལྷ་མོ་འཚོ། དཔལ་སྒུར། ཟླ་བ། ཨ་ཕ་ལགས་ཁྱེད་ཀྱིས་ཆེས་བཟང་བའི་ཟ་མ་ཞིག་ལྡུད་དགོས། ངའི་ཆེས་བཟང་བའི་ཕུ་བོ། སྒྲོལ་མ་སྐྱབས། སངས་རྒྱས་མཁར། མགོན་པོ་རྣམ་རྒྱལ། རིག་བྷ། རྟ་མགྲིན་སྐྱབས། བསོད་ནམས་ཚེ་རིང༌། བསང་དགའ། སྐལ་བཟང་ཚེ་བརྟན། ཨ་ཕ་ལུས་ཕུང་བདག་སྐྱོང་བྱེད་དགོས། ཨ་ཆེ་དང་ཕུ་བོ། ནུ་བོ་ཁྱེད་ཕྱོགས་ཀྱི་འཚོ་བ་ནི་ཇེ་བཟང་ཡོང་བར་ངས་སེམས་གཏིང་ནས་སྨོན་ལམ་འདེབས། ཟླ་བ། ཚེ་འདུན། འཁོར་ལོ། དུང་དཀར། ཉི་ཟླ་སྐར་གསུམ། ང་རང་ཆེས་དད་པ་ཆེ་ས་ནི་ཉི་ཟླ་སྐར་གསུམ་ཡིན། ངའི་ས་མཐའི་ཨ་ཇོ་ང་ཡོང་གི་ཡོད། མིག་མཆི་མས་གང་བཞིན་ང་ཡོང་གི་ཡོད། བོད་ཁ་བའི་བདེ་སྡུག་ཞུ་རུ་ང་ཡོང་གི་ཡོད། མགོན་ཁྱེད་རང་དྲན་བཞིན་ང་ཡོང་གི་ཡོད། ངའི་སྙིང་གི་གྲོགས་པོ་ང་ཡོང་གི་ཡོད། ཆོས་དགེ་བ་སྒྲུབ་བཞིན་ང་ཡོང་གི་ཡོད། བོད་ཁ་བའི་མིང་སྲིང་ཚོ་ང་ཡོང་གི་ཡོད། བོད་བདེ་སྡུག་ཞུ་རུ་ང་ཡོང་གི་ཡོད། སྒྲ་པི་ཝང་རྡུང་བཞིན་རྡུང་བཞིན་ང་ཡོང་གི་ཡོད། བོད་བདེ་སྐྱིད་བསུ་བཞིན་བསུ་བཞིན་ང་ཡོང་གི་ཡོད། བོད་པ་ཚོ་ཡར་ལ་ལོངས། གངས་རིའི་བུ་ཆུང་ཡར་ལ་ལོངས། ཁ་བའི་གླུ་བ་ཡར་ལ་ལོངས། བོད་ཁ་བ་ཅན་ལ་བདེ་སྐྱིད་ཐོབ་པར་སྨོན་ལམ་འདེབས། ༢༠༡༢ ལོའི་ཧོར་ཟླའམ་ལུགས་རྙིང་གི་ཟླ་ ༡༢ ཚེས་ ༨ ཉིན་ཞེས་བྲིས་འདུག
དེ་མ་ཐག་ཀླུ་ཆུ་རྫོང་གི་ཉེན་རྟོག་པ་འདས་པོའི་ཁྱིམ་ལ་འབྱོར་ཡོད་པ་མ་ཟད། འདྲི་རྩད་འདྲ་མིན་བྱས་ཡོད་པ་དང་། གང་མགྱོགས་འདས་པོར་རྗེས་འཇུག་གཙང་མ་བྱས་ནས་གནད་དོན་མི་འབྱུང་བ་བྱེད་དགོས་ཚུལ་བཙན་བཀའ་ཡང་བཏང་ཡོད་པ་རེད་དང་རྗེས་སུ་ཚེས་༢༢ཉིན་གྱི་ཞོགས་པར་དུར་འཇུག་བྱས་ཡོད་པ་རེད། གོང་གི་འཇིགས་བྱེད་སྐྱབས་ལགས་ཀྱི་ཕ་མིང་ལ་གདུགས་དཀར་སྐྱབས་དང་། མ་མིང་ལ་བདེ་སྐྱིད་འཚོ་ཟེར་གྱི་ཡོད་པ་དང་། ཁོ་ནི་སྔོན་མ་ནས་བོད་ཀྱི་ལ་རྒྱ་བཤད་མཁན་དང་། བོད་མི་ཚོའི་རང་ལུས་མེར་བསྲེགས་སྐོར་ལ་དོ་སྣང་ཆེན་པོ་བྱེད་མཁན་ཞིག་ཡིན་འདུག