ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོར་༧གོང་ས་མཆོག་གིས་གསུང་འཕྲིན་བསྩལ།

2022.06.15
ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོར་༧གོང་ས་མཆོག་གིས་གསུང་འཕྲིན་བསྩལ། ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོའི་ཚོགས་ར་དངོས། ༠༦།༡༥།༢༠༢༢
tibet.net

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོར་སྩལ་བའི་གསུང་འཕྲིན་གྱི་ནང་། དཔལ་ཇོ་ནང་པའི་དུས་འཁོར་སྦྱོར་དྲུག་གི་ཉམས་ལེན་བཟང་པོ་ཡོད་པ་དེ་དག་མི་ཉམས་རྒྱུན་འཛིན་ཚུལ་བཞིན་བྱེད་དགོས་པ་བཀའ་གནང་འདུག་ཅིང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དུས་འཁོར་བགྲོ་གླེང་གི་ཚོགས་འདུའི་དབུ་འབྱེད་ཐོག་ཆེད་ཕེབས་གནང་ཡོད་པ་རེད།
དེ་ཡང་༧ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས་ཐུགས་འགན་རྐང་བཞེས་ཐོག་ཇོ་ནང་དུས་འཁོར་སྦྱོར་དྲུག་སྒོམ་གྲྭ་ཆོས་འཁོར་གླིང་གི་བགྲོ་གླེང་གོ་སྒྲིག་ཚོགས་ཆུང་གི་གོ་སྒྲིག་འོག ཕྱི་ཟླ་ ༦ ཚེས་ ༡༤ཉིན་གོ་པལ་པུར་དུ་རྟེན་གཞི་བྱས་པའི་གོ་པལ་པུར་ཇོ་ནང་དུས་འཁོར་སྒྲུབ་ཁང་ཆེན་མོའི་ཚོགས་ཁང་དུ། མདོ་སྔགས་ཟུང་འབྲེལ་གྱི་གཞན་སྟོང་དབུ་མ་ཆེན་མོའི་ཤིང་རྟའི་སྲོལ་འབྱེད་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་སྐུ་ཞི་བར་གཤེགས་ནས་ལོ་ངོ་ཧྲིལ་པོ་༦༦༠འཁོར་བའི་བཀའ་དྲིན་རྗེས་དྲན་དང་འབྲེལ་བའི་ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོ་དབུ་འབྱེད་ཀྱི་མཛད་སྒོ་ཞིག་གནང་ཞིང་། དུས་འཁོར་བགྲོ་གླེང་ཆེན་མོ་ཞིག་གནང་བཞིན་ཡོད་པ་རེད།
མཛད་སྒོའི་ཐོག་དཔལ་ལྡན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་དགེ་བཤེས་ལྷ་རམས་པ་ཡང་སྟེང་སྤྲུལ་སྐུ་བློ་བཟང་བསྟན་པའི་རྒྱལ་མཚན་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཇོ་ནང་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོར་བསྩལ་བའི་བཀའ་ཡིག་སྒྲོག་སྦྱང་གནང་བའི་ནང་། ཀུན་མཁྱེན་དོལ་པོ་བ་དགོངས་པ་རྫོགས་ནས་ལོ་༦༦༠འཁོར་བའི་དུས་ཚིགས་བཀའ་དྲིན་རྗེས་དྲན་ཞུ་བའི་ལོ་འདིར་ཕྱི་ནང་གཞན་གསུམ་གྱི་བདག་ཉིད་ཅན་གདོད་མའི་མགོན་པོ་དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་གྱི་བསྟན་པ་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་ཆེད་ཆོས་བརྒྱུད་རིས་མེད་ཀྱི་དགེ་བའི་བཤེས་གཉེན་མང་པོ་གདན་ཞུས་ཀྱིས་ཉིན་གསུམ་རིང་བགྲོ་གླེང་གནང་འཆར་ལ་ལེགས་སོ་ཡི་རང་གི་བསྔགས་བརྗོད་དང་འབྲེལ་ཚོགས་ཞུགས་ཚང་མར་འཚམས་འདྲི་ཞུ་ཞེས་དང་། ཇོ་ནང་པར་དང་པོའི་སངས་རྒྱས་ལས་ཕྱུང་བའི་སྦྱོར་དྲུག་གི་རྨང་གཞི་བཟང་པོ་ཡོད་པ་འདི་ཐོས་བསམ་སྒོམ་གསུམ་གྱི་ཉམས་ལེན་རྣམ་པར་དག་པ་མཛད་དེ་དུས་འཁོར་སྦྱོར་དྲུག་གི་སྒོམ་གྲྭ་ཞེས་མིང་ཐོགས་པ་ཇི་བཞིན་རིགས་གཅིག་རྐང་འཛིན་གྱིས་མིང་དོན་མཚུངས་པ་ཞིག་གནང་གལ་ཤིན་ཏུ་ཆེ་བ་བཀའ་བསྩལ་གནང་འདུག
གཞན་༧ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཁན་སྤྲུལ་ངག་དབང་ཆོས་ཀྱི་སྣང་བ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་རིས་མེད་མཁས་པའི་བགྲོ་གླེང་ཆེན་མོའི་དགོས་དམིགས་དང་འབྲེལ་བའི་གསུང་བཤད་གནང་པ་ཡོད་པ་རེད།
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། ཆོས་རིག་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་ལགས་ཀྱིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་སྦྱོར་དྲུག་གི་དབང་ལུང་མན་ངག་དང་ཉམས་ལེན་གྱི་གནད་རྣམས་རིགས་གཅིག་རྐང་འཛིན་གནང་དགོས་པའི་སྐོར་བཀའ་ཡིག་སྩལ་བ་བཞིན་རིགས་གཅིག་རྐང་འཛིན་གནང་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད་པ་དང་། མ་འོངས་པར་རིས་མེད་དུས་འཁོར་བགྲོ་གླེང་ཆེན་མོར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་མཐུན་འགྱུར་གང་ཡོང་ཞུ་རྒྱུའི་ཞལ་བཞེས་ཡང་གནང་ཡོད་པ་རེད།

གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎