ཕྲུ་གུས་སྐྱེས་མར་བཙན་དབང་གིས་སྐྱོན་བརྗོད་བྱེད་བཅུག་པ།
2009.08.05
༄༅༎འདི་ག་ཨ་མི་རི་ཀའི་ནང་རྟེན་གཞི་བྱས་པའི་ཤར་ཏུར་ཀི་སི་ཐན་རྒྱལ་སྤྱིའི་ཡུ་གུར་ཚོགས་པའི་འགོ་ཁྲིད་ལྕམ་རེ་སྦི་ཡ་ཀ་རྡིར་གྱིས་ཁོང་གི་བུ་ཕྲུག་ཚོར་རྒྱ་ནག་གཞུང་གིས་བཙན་དབང་གིས་བརྙན་འཕྲིན་ཐོག་ཏུ་འདོན་དུ་བཅུག་ཏེ་ཁོང་ལ་སྐྱོན་བརྗོད་བྱེད་དུ་བཅུག་པ་ནི་ཁོང་གི་ཕྲུ་གུའི་སེམས་ཁམས་ལ་རྒྱ་ནག་གཞུང་གིས་གནོད་འཚེ་གཏོང་ཐབས་བྱེད་ཀྱི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པ་རེད།
དེ་ཡང་ལྕམ་རེ་སྦི་ཡ་ཀ་རྡིར་དེང་སྐབས་ཨོ་སོ་ཀྲོ་ལི་ཡ་དུ་འཚམས་འདྲིར་ཕེབས་ཡོད་པ་ལྟར་དེ་རིང་ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་མེལ་སྦོན་ནང་གསར་འགོད་པར་གསུངས་དོན་ལ་ཤར་ཏུར་ཀི་སི་ཐན་ནང་དུ་ལུས་པའི་ངའི་བུ་མོ་རོག་ཤིན་གུལ་དང་བཙོན་ཁང་དུ་ཡོད་པའི་ངའི་བུ་ཨ་ལིམ་གཉིས་རྒྱ་ནག་གཞུང་གི་བརྙན་འཕྲིན་སི་སི་ཊི་ལྦི་ཐོག་འདོན་དུ་བཅུག་ཏེ་ཉེ་ཆར་ཕྱི་ཟླ་བདུན་པའི་ཚེས་ལྔ་ཉིན་རྒྱལ་ས་ཨུ་རུམ་ཆི་ནང་དུ་དྲག་པོའི་ཟིང་ཆའི་དོན་རྐྱེན་དེའི་ངན་སྐུལ་བྱེད་མཁན་ང་ཡིན་པ་ཕྲུ་གུས་སྐྱེས་མར་སྐྱོན་བརྗོད་བྱེད་དུ་བཅུག་ཡོད་པ་དེ་ནི་རྒྱ་ནག་གཞུང་གིས་ངའི་ཕྲུ་གུར་བཙན་དབང་གིས་ང་ལ་སྐྱོན་བརྗོད་བྱེད་དུ་བཅུག་པ་ཞིག་རེད་ཅེས་གསུངས་ཡོད་པ་རེད།
རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གི་བརྙན་འཕྲིན་སི་སི་ཊི་ལྦི་ཟེར་བའི་ཐོག་ཁོང་གི་བོུ་དང་བུ་དེ་བཞིན་ཁོང་གི་བུ་སྤུན་ཆུང་བ་གསུམ་འདོན་དུ་བཅུག་ཏེ་ཁོང་ཚོའི་སྐྱེས་མ་ལོ་ན་དྲུག་ཅུ་རེ་གཉིས་ཡིན་པ་ལྕམ་རེ་སྦི་ཡ་ཀ་རྡིར་ལ་སྐྱོན་བརྗོད་བྱས་པ་ཡོངས་གྲགས་རྒྱང་བསྲིང་བྱས་ཏེ་ཁོང་གིས་རྒྱ་ནག་ནང་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་དྲག་པོའི་ཟིང་ཆའི་དོན་རྐྱེན་དེ་ལྟ་བུའི་ངན་སྐུལ་བྱེད་མཁན་དེ་རེད་ཅེས་དང་ད་དུང་བཙོན་ཁང་དུ་ཡོད་པའི་ཁོང་གི་བུས་ང་ཚོའི་སྐྱེས་མས་ངན་སྐུལ་གང་ཞིག་བྱས་ཀྱང་དེར་འབྲས་བུ་གང་ཡང་ཐོབ་མེད་ལུགས། རྒྱ་ནག་མེས་རྒྱལ་ཁྱིམ་ཚང་ཆེན་པོ་ཁ་བྲལ་རིང་ལུགས་པས་ཁ་བྲལ་དུ་གཏོང་ཐབས་མེད་པ་མ་ཟད། ཁོང་གི་སྐྱེས་མས་ཀྱང་ཁ་བྲལ་ཏུ་གཏོང་ཐུབ་ཐབས་མེད་པའི་སྐོར་སོགས་བཤད་དུ་བཅུག་ཡོད་པ་དེ་ནི་ངོས་ནས་རྒྱ་ནག་གཞུང་གིས་དགྲ་ཕྱོགས་ལ་འཛིན་པའི་སྲིད་ཇུས་གསལ་པོ་རྒྱུས་མངའ་ཡོད་ཅིང་དེ་སྔ་ཁོང་ཡང་རྒྱ་མིའི་བཙོན་ཁང་དུ་བཅུག་པའི་རིང་རྒྱ་ནག་གཞུང་གི་འདོད་འདུན་གྲུབ་ཆེད་བཙན་དབང་གིས་སྐྱོན་བརྗོད་བྱེད་དུ་བཅུག་པ་དང་འཕྲིན་གཏོང་དྲ་རྒྱའི་ཐོག་ཡོངས་གྲགས་འགྲེམས་སྤེལ་བྱས་ཡོད་པའི་གནས་ཚུལ་གཅིག་མཚུངས་བྱུང་བར་བརྟེན་ད་རེས་ངའི་ཕྲུ་གུར་ང་ལ་སྐྱོན་བརྗོད་བྱེད་དུ་བཅུག་པ་དེ་གནས་ཚུལ་གསར་པ་གང་ཡང་མ་རེད་ཅེས་གསུངས་ཡོད་པ་རེད།