རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དུས་ཐུང་ནང་སྟབས་བདེའི་ལམ་ནས་ཀློག་ཐུབ་ཆེད། བཀའ་འགྱུར་གྱི་ནང་དོན་ངོ་སྤྲོད་དང་འབྲེལ་བའི་དཀར་ཆག་དེབ་ ༡༡ རྩོམ་སྒྲིག་དབུ་འབྱེད་གནང་འདུག

2025.02.06
རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དུས་ཐུང་ནང་སྟབས་བདེའི་ལམ་ནས་ཀློག་ཐུབ་ཆེད། བཀའ་འགྱུར་གྱི་ནང་དོན་ངོ་སྤྲོད་དང་འབྲེལ་བའི་དཀར་ཆག་དེབ་ ༡༡ རྩོམ་སྒྲིག་དབུ་འབྱེད་གནང་འདུག བཀའ་འགྱུར་དཀར་ཆག་དེབ་༡༡རྩོམ་སྒྲིག་དབུ་འབྱེད་སྐབས། ༢༠༢༥།༠༢།༠༥ ཉིན།
Photo: RFA

ཨ་མི་རི་ཀའི་ནང་གནས་བཞུགས་དར་ཐང་རིན་པོ་ཆེ་མཆོག་གིས་ལོ་མང་རིང་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེས་མཚོན་གསུང་རབ་མང་པོ་ཆོས་སྦྱིན་གྱི་ཉམས་མྱོང་ལྟར། དེང་དུས་བྲེལ་འཚུབ་ཀྱི་འཚོ་བའི་ཁྲོད་དུས་ཐུང་ནང་སྟབས་བདེའི་ལམ་ནས་ཀློག་ཐུབ་པ་དང་། ནང་དོན་དཀའ་ཚེགས་མེད་པའི་སྒོ་ནས་རྟོགས་ཐུབ་པའི་བཀའ་འགྱུར་གྱི་དཀར་ཆག་ཅིག་དགོས་པའི་ལམ་སྟོན་གཞིར་བཟུང་། རྒྱ་གར་ཝཱ་རཱ་ཎ་སཱིའི་རྒྱལ་ཡོངས་སྔ་འགྱུར་རྙིང་མའི་སློབ་གླིང་གིས་གཙོ་འགན་བཞེས་ཏེ། ཆོས་རྒྱུད་རིས་མེད་ཀྱི་མཁན་པོ་དང་། དགེ་བཤེས། སློབ་དཔོན་སོགས་ལ་འབྲེལ་གཏུགས་ཀྱིས་བཀའ་འགྱུར་གྱི་མདོ་ཚན་རེ་རེའི་ནང་དོན་ངོ་སྤྲོད་དང་འབྲེལ་བའི་བཀའ་འགྱུར་གྱི་དཀར་ཆག་པོད་གྲངས་ ༡༡ ཡོད་པ་ཞིག ཟླ་ ༢ པའི་ཚེས་ ༥ ཉིན་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོའི་ཚོགས་གཙོ་ཞེ་ཆེན་རབ་འབྱམས་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དབུ་འབྱེད་གནང་ཡོད་སྐོར། འབྲེལ་ཡོད་མཁན་པོ་འཇུ་བསྟན་སྐྱོང་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།

རྒྱལ་བའི་བཀའ་འགྱུར་རིན་པོ་ཆེའི་དཀར་ཆག་བསྟན་པའི་མཛེས་རྒྱན་གྱི་ནང་དོན་སྒྲིག་སྟངས་ཐད། སངས་རྒྱས་ཀྱི་བཀའ་ལ་མདོ་ཕྱོགས་སུ་འདུལ་བ་དང་ཤེར་ཕྱིན། ཕར་ཕྱིན་དང་དཀོན་བརྩེགས། མདོ་སྡེ་བཅས་སྡེ་ཚན་ཆེན་པོ་ལྔ་ཡོད་པ་དང་། སྔགས་ལ་རྒྱུད་སྡེ་ཆེན་པོ་བཞི་བཅས་སྡེ་ཚན་ཆེན་པོ་དགུ་ཡིས་གྲུབ་ཡོད་ཅིང་། སྡེ་ཚན་རེ་རེ་ལའང་ནང་གསེས་ཀྱི་མདོ་མི་འདྲ་བ་ཡོད་པའི་མདོ་རེ་རེ་ལ་ནང་དོན་ངོ་སྤྲོད་རྒྱས་བསྡུས་གཉིས་བཟོས་པ་རྣམས། རྒྱ་གར་གྱི་སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་རྣམ་བཤད་རིག་པའི་གཞུང་གི་ནང་། མདོ་རྣམས་ལ་འགྲེལ་བཤད་རྒྱག་སྟངས་ཀྱི་མན་ངག་གནང་ཡོད་པ་གཞིར་བཟུང་། ཚིག་རྣམས་དེང་དུས་ཀྱི་མིས་གོ་བདེ་བ་དང་གནད་འདུས་པ། ཁ་གསལ་བ་བཅས་ཀྱི་སྒོ་ནས་རྩོམ་སྒྲིག་གནང་ཡོད་པ་དང་། དཀར་ཆག་རྒྱས་པ་དེབ་བཅུ་ཐམ་པ་དེ་ཀློག་ཐུབ་ན་ནང་དོན་གྱི་ཆ་ནས་བཀའ་འགྱུར་ཆ་ཚང་བཀླགས་པ་དང་ཁྱད་པར་མེད་པ་ལྟ་བུ་ཆགས་ཡོད་ལ། དེ་ལས་ཀྱང་སྟབས་བདེའི་ལམ་ནས་ཀློག་འདོད་ན་ཉིང་བཏུས་ཀྱི་དེབ་གཅིག་ཡོད་པ་དེར་གཟིགས་ཆོག་གི་ཡོད་པས། བཀའ་འགྱུར་གྱི་དཀར་ཆག་འདི་ནི་ད་བར་བསྒྲིགས་པའི་བཀའ་འགྱུར་གྱི་དཀར་ཆག་རྣམས་ལས་རྒྱས་ཤོས་དང་སྤུས་དག་ཤོས། སྟབས་བདེ་ཤོས་ཆགས་ཡོད་པ་མཁན་པོ་བསྟན་སྐྱོང་ལགས་ནས་ངོ་སྤྲོད་གནང་བྱུང་།

WhatsApp Image 2025-02-06 at 2.21.09 PM (1).jpeg
བཀའ་འགྱུར་ཕྱག་དེབ་ངོ་སྤྲོད།

བཀའ་འགྱུར་དཀར་ཆག་གསར་པ་དེ་རྩོམ་སྒྲིག་གནང་བདེ་ཡོང་སླད་འཛིན་སྐྱོང་འགན་ཁུར་བའི་སྡེ་ཚན་གཅིག་དང་། རྩོམ་སྒྲིག་འགན་འཁུར་བའི་སྡེ་ཚན། ཞིབ་འཇུག་འགན་འཁུར་བའི་སྡེ་ཚན། མཐའ་མའི་ཞུ་དག་གི་སྡེ་ཚན་བཅས་སྡེ་ཚན་བཞིར་བགོས་འདུག་ཅིང་། ལག་བསྟར་རྩོམ་སྒྲིག་གཙོ་བོ་ཐེག་མཆོག་རྣམ་གྲོལ་གླིང་གི་མཁན་པོ་ཐུབ་བསྟན་རྒྱ་མཚོ་ལགས་དང་། མཁན་པོ་ཐུབ་བསྟན་བློ་བཟང་ལགས་རྣམ་པ་གཉིས་རེད་འདུག གཞི་རྩའི་བཀའ་འགྱུར་དཀར་ཆག་དེ་ཉིད་རྩོམ་སྒྲིག་གནང་ཕྱོགས་ལ་དར་ཐང་རིན་པོ་ཆེ་མཆོག་གིས་ལམ་སྟོན་མཐུན་འགྱུར་གནང་འདུག་ལ། དེ་མ་ཟད་རིན་པོ་ཆེ་ནས་ད་བར་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོར་སྦྱིན་བདག་རིམ་པར་གནང་བ་དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཁྲི་གཅིག་དང་བཞི་སྟོང་ལྷག་དགོན་སྡེ་ཁག་དང་། དཔེ་མཛོད་ཁང་། སློབ་གཉེར་ལྟེ་གནས་ཁང་། དེ་བཞིན་སྒེར་ལ་དགོས་མཁོ་ཡོད་པའི་མཁས་པ་སོགས་ལ་ཆོས་སྦྱིན་གནང་དང་གནང་མུས་རེད་འདུག ། 

གསར་འགོད་པ། བདེ་ཆེན་དབང་མོ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྟན་འགྲོ་སྤྱིའི་དོན་དུ་མཛད་འཕྲིན་མུ་མཐུད་བསྐྱང་རྒྱུའི་བཀའ་བཞེས་ཕེབས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎