༧གོང་ས་མཆོག་གིས་དུས་དབང་ཐེངས་༣༣པའི་སྟ་གོན་གནང་བ།
2014.07.10

དོལ་རྒྱལ་བསྟེན་མཁན་རིགས་དབང་གྲལ་དུ་བསྡད་ན་དམ་ཚིག་ཉམ་པའི་རྒྱུར་འགྲོ་རྒྱུ་དང་མི་སྒེར་སོ་སོས་བསྟེན་མིན་རང་དབང་ཡིན་པ་གསུངས་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལ་དྭགས་སླེ་གྲོང་ཁྱེར་གྱི་ཞི་བའི་ཚལ་དུ། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་༣༣་པའི་སྔོན་འགྲོའི་བཀའ་དབང་བསྩལ་གྲུབ་ནས། ཚེས་༡༠ཉིན་གྱི་སྔ་དྲོ་༧གོང་ས་མཆོག་དབུ་བཞུགས་ཐོག་སེམས་སྐྱེད་ཆོ་ག་དང་། ཉིན་རྒྱབ་སྔོན་འགྲོའི་སྟ་གོན་བསྩལ་ཡོད་པ་རེད། ཕྱོགས་མཚུངས་ཆོས་ཞུ་བ་སྐྱ་བོ་རྣམས་ལ་དགེ་བསྙེན་སྡོམ་པ་གནང་བ་དང་། དགེ་བསྙེན་སྡོམ་པའི་བསླབ་གཞི་ལྔ་ནི། སྲོག་གཅོད་པ། མ་བྱིན་པར་ལེན་པ། ལོག་གཡེམ། མི་ཆོས་བླ་མའི་རྫུན་བཅས་ནས་རང་རང་སོ་སོས་བློས་བཅད་ཀྱིས་བསླབ་གཞི་ལྔ་ནས་སྣེ་གཅིག་གམ་ལྔ་བར་སྲུང་རྒྱུའི་སྡོམ་པ་དང་། དེ་རྗེས་བྱང་ཆུབ་སེམས་དཔའི་སྡོམ་པ་འབོགས་ཆོག་མཛད་ཡོད་པ་རེད། འོན་ཀྱང་༧གོང་ས་མཆོག་གིས། དོལ་རྒྱལ་བསྟེན་མཁན་རིགས་དབང་གྲལ་དུ་བསྡད་ན་དམ་ཚིག་ཉམ་པའི་རྒྱུར་འགྲོ་རྒྱུ་ཡིན་པས་ཞུགས་ན་མི་འགྲིག་པ་གསུངས་པ་དེ་ལྟར་ཡང་མི་སྒེར་པ་སོ་སོས་དོལ་རྒྱལ་ལ་བསྟེན་དང་མི་བསྟེན་རང་དབང་རེད་ཅེས་གསལ་པོར་གསུངས་ཡོད་ཅིང་། ༧གོང་ས་མཆོག་གིས་སྤྱིར་ཆོས་ལུགས་ཚང་མར་གུས་བཀུར་བྱེད་དགོས་པ་དང་། ལྷག་པར་བོད་ཀྱི་ཆོས་བརྒྱུད་ས་དགེ་བཀའ་རྙིང་བོན་དང་བཅས་པ་ནང་ཁུལ་མཐུན་བསྒྲིལ་གནང་རྒྱུ་ཤིན་ཏུ་བྱ་གལ་ཆེ་བ་དང་། དེ་ཡང་ཆོས་བརྒྱུད་ཚང་མས་ཆོས་བརྒྱུད་གཞན་ལ་བསླབ་པ་སློབ་གཉེར་གནང་སྟེ་ཆོས་ལུགས་རིས་མེད་བྱ་དགོས་པའི་གལ་འགངས་ནན་པོར་བཀའ་སློབ་སྩལ་གནང་མཛད་འདུག ད་དུང་༧གོང་ས་མཆོག་གིས་གང་ཉིད་ཞབས་ཀྱིས་མ་བཅག་པའི་ཕྱི་རྒྱལ་ཡུལ་གྲུ་འབར་མ་དང་། པེ་རུ་ལ་སོགས་པ་ནས་ཕེབས་པའི་ཆོས་ཞུ་བ་ཚོར་ཟུར་མཇལ་གནང་ཡོད་པ་དང་། ད་ལྟ་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་འབྱོར་བའི་ཆོས་ཞུ་བ་དེབ་བསྐྱེལ་གནང་བའི་གྲངས་འབོར་ཆིག་འབུམ་བཞི་ཁྲི་བཞི་སྟོང་ཙམ་ཡོད་པ་གྲ་སྒྲིག་ཚོགས་ཆུང་གིས་ཁྱབ་བསྒྲགས་གནང་འདུག
གསར་འགོད་པ་ཚེ་བརྟན་རྣམ་རྒྱལ་དང་འཆི་མེད།
ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་པ་སངས་ཚེ་རིང་གིས་བཏང་བའི་གནས་ཚུལ་ལ་གསན་རོགས།
ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་བློ་བྷེ་ཡིས་བཏང་བའི་གནས་ཚུལ་ལ་གསན་རོགས།
ཞིབ་ཕྲ་འདི་གའི་ཆེད་གཏོང་གསར་འགོད་པ་སྐལ་ལྡན་བློ་གྲོས་ལགས་སུ་གནས་འདྲི་བྱས་བར་གསན་རོགས།