བཀའ་སྤྱི་ནས་ལས་འགུལ་སྤེལ་འཆར་སྐོར་གྲོས་བསྡུར།
2012.02.18
༄༅༎དེ་ཡང་བོད་ཀྱི་དུས་བབ་ཀྱི་དྲ་རྒྱའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་བཅུ་བཞི་ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་དང་། བཀའ་ཤག་གི་བཀའ་བློན་རྣམ་པའི་དབར་དམིགས་བསལ་ཚོགས་འདུ་ཞིག་བསྐོངས་ཚོགས་གནང་ཡོད་པ་མ་ཟད། བོད་ནང་གི་ཛ་དྲག་གནས་ཚུལ་ལ་བརྟེན་ནས་བཀའ་སྤྱི་ཐུན་མོང་ནས་མ་འོངས་པར་ལས་འགུལ་སྤེལ་འཆར་སྐོར་གྲོས་བསྡུར་གནང་ཡོད་འདུག འདིའི་སྐོར་གསར་འགོད་པས་སྤྱི་འཐུས་ཚོགས་གཙོ་མཆོག་ལ་བཀའ་འདྲི་ཞུས་པའི་སྐབས་ཚོགས་འདུའི་ཐོག་བཀའ་སྤྱི་ལྷན་རྒྱས་ནས་བཀའ་སྡུར་གནང་ཡོད་རེད་ལ་རིང་མིན་བཀའ་ཤག་གི་ངོས་ནས་ལས་དོན་སྤེལ་ཕྱོགས་ཐད་བཀའ་གསལ་ཡོང་རྒྱུར་སྐབས་དེ་དུས་གསལ་པོ་དྲིལ་བསྒྲགས་གནང་རྒྱུ་ཡིན་པ་ལས་ད་ལྟའི་ཆར་ལས་དོན་གང་དང་གང་སྤེལ་གནང་གི་ཡོད་མེད་གསལ་པོ་གསུངས་ཐུབ་ཀྱི་མི་འདུག་ཅེས་བཀའ་ལན་གནང་ཡོད་འདུག དེ་དང་ཕྱོགས་མཚུངས་གསར་འགོད་པས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་ལས་འགུལ་སྤེལ་བའི་སྐབས་བཀའ་སྤྱི་གཉིས་ལ་བཀའ་འཁྲོལ་ཞུ་དགོས་ཀྱི་ཡོད་མེད་ཞུས་པར། ཚོགས་གཙོ་མཆོག་གིས། དེ་རིགས་དེ་སྔ་ནས་ལམ་སྲོལ་ཡོད་མ་རེད་ལ་མ་འོངས་པར་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དཔེར་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། བུད་མེད་ཚོགས་པ། དགུ་བཅུ་གསུམ་སོགས་ནས་ལས་དོན་ག་འདྲ་ཞིག་སྤེལ་ཡང་སོ་སོ་རང་ངོས་ནས་ཐག་ཆོད་བྱེད་དགོས་པ་མ་གཏོགས་འདི་རིགས་བཀའ་འཁྲོལ་ཞུ་དགོས་ཀྱི་མེད་ལུགས་གསལ་པོ་བཀའ་ལན་གནང་ཡོད་པ་བཅས་བོད་ནང་ཛ་དྲག་གི་གཅིག་མཇུག་གཉིས་མཐུད་ནས་བོད་མི་ཚོས་རང་ལུས་མེར་བསྲེགས་བཏང་ནས་ཚེ་སྲོག་ཤོར་བའི་ཛ་དྲག་གི་གནས་ཚུལ་ཕྱི་བསྒྲགས་དང་། འབོད་སྐུལ། བོད་མིཚོས་གདུང་སེམས་མཉམ་བསྐྱེད་བྱེད་རྒྱུའི་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུར་བཀའ་ཤག་དང་། སྤྱི་འཐུས་གཉིས་ཀས་རིང་མིན་གསལ་བསྒྲགས་གནང་འཆར་ཡོད་འདུག།