བཀའ་ཁྲི་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་ཡོད་པ།
2012.03.02
༄༅༎ཕྱི་ཟླ་གསུམ་པའི་ཚེས་༡ རེས་གཟའ་ཕུར་བུའི་ཉིན་ཨ་ཡར་ལེནདྲ་ཡི་རྒྱལ་ས་ཌབ་ལིན་དུ་ཡོད་པའི་ཏྲི་ནི་ཀྲི་ཞེས་པའི་མཐོ་རིམ་སློབ་གྲྭས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་གཏམ་བཤད་ཕུལ་བྱུང་གི་གསེར་གྱི་གཟེངས་རྟགས་ཕུལ་ཡོད་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
གསེར་གྱི་གཟེངས་རྟགས་ཕུལ་མཁན་གྱི་ལྟེ་གནས་ཁང་དེའི་འགན་འཛིན་སྐུ་ཞབས་ ཇོན་ཨན་ལན་གྱིས་ཉིན་དེར་གཟེངས་རྟགས་ཕུལ་བའི་མཛད་སྒོར་གྱི་གསུང་བཤད་ནང། ད་རེས་གསེར་གྱི་རྟགས་མའི་གཟེངས་རྟགས་དེ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་ལ་ཕུལ་དགོས་དོན་ནི། ཁོང་གིས་བོད་མིའི་མགྲིན་ཚབ་པ་གནང་སྟེ་འཛམ་གླིང་ཁྱོན་ཡོངས་སུ་བོད་མིའི་བདེན་པའི་འཐབ་རྩོད་ཀྱི་སྣེ་ཁྲིད་གནང་གི་ཡོད་པར་ངོས་འཛིན་ཞུས་ནས་ཕུལ་བ་ཡིན་ཞེས་གསུངས་ཡོད་ཅིང༌། དེ་རྗེས་བཀའ་བློན་ཁྲི་པ་མཆོག་གིས་མཛད་སྒོ་དེའི་ཐོག་ལ། ད་རེས་ཁོང་ལ་ཆེ་བསྟོད་ཀྱི་གསེར་གྱི་རྟགས་མའི་བྱ་དགའ་དེ་གནང་བ་དེ་ནི། བོད་མིའི་སྐུ་ཚབ་ཞུས་ཏེ་དང་ལེན་ཞུ་རྒྱུ་ཡིན་ཞེས་དང༌། ཁོང་གི་ངོས་ནས་བགྲོ་གླེང་དང་ཤེས་ཡོན་གཉིས་པོ་ནི་སྤྱི་ཚོགས་ཡར་རྒྱས་ཀྱི་རྨང་གཞི་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། བོད་ནང་དུ་༢༠༠༩ ནས་ད་བར་དུ་བོད་མི་ཉི་ཤུ་རྩ་གསུམ་གྱི་རང་ལུས་མེ་བསྲེག་བཏང་བའི་ཁྲོད་ནས་བོད་མི་བཅོ་ལྔ་འདས་གྲོངས་སུ་ཕྱིན་ཡོད་པ་དང༌། རང་ལུས་མེ་བསྲེག་བཏང་མཁན་བོད་མི་དེ་དག་ནི་འགྲོ་བ་མི་གཞན་དང་གཅིག་མཚུངས་བཞིན་ཤི་རྒྱུའི་འདོད་པ་ཡོད་པ་ཞིག་མིན་པ་གསལ་པོ་ཡིན་ཞིང༌། འོན་ཀྱང་བོད་ཀྱི་རང་དབང་དང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་དུ་ཞབས་སོར་འཁོད་རྒྱུའི་ཆེད་དུ་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་བློས་བཏང་བྱས་པ་ཞིག་རེད། འོན་ཀྱང་རྒྱ་ནག་གཞུང་ཕྱོགས་ནས་ཞི་འཇམ་དུ་གཏོང་རྒྱུའི་ཚབ་ཏུ་བོད་ནང་དུ་དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོགས་བྱས་པ་མ་ཟད། གསར་འགྱུར་ལས་རིགས་ཁག་བོད་ནང་འགྲོ་བསྐྱོད་བཀག་སྡོམ་བྱས་དང་བྱེད་མུས་ཡིན་པ་དང༌། བོད་ནང་དུ་རང་ལུས་མེ་བསྲེག་བཏང་མཁན་བོད་མི་དེ་དག་ནི་འགྲོ་བ་མི་གཅིག་མཚུངས་ཡིན་པ་དང༌། འཇིགས་རྟེན་འདིའི་ནང་འགྲོ་བ་མིའི་འཚོ་བ་བསྐྱལ་ནས་བསྡད་འདོད་པ་གཅིག་མཚུངས་ཡིན་པའི་འདུ་ཤེས་འཛིན་དགོས་པ་ལས་གྲངས་ཀ་བརྩི་རྒྱུ་ཞིག་ཏུ་མི་འགྱུར་བའི་རེ་བ་ཡོད་པའི་སྐོར་གསུངས་ཡོད་པ་རེད།
གོང་གསལ་མཐོ་རིམ་སློབ་གྲྭ་དེ་ནི་འཛམ་གླིང་ནང་བགྲོ་གླིང་གོ་སྒྲིག་ཞུ་མཁན་རྙིང་ཤོས་ཡིན་པ་མ་ཟད། ད་ཆ་མཐོ་རིམ་སློབ་གྲྭ་དེ་ནི་གཏམ་བཤད་སོགས་སློབ་གཉེར་བྱེད་ཡུལ་ལྟེ་གནས་གཙོ་བོ་ཞིག་ཀྱང་ཡིན་ཞིང༌། མཐོ་སློབ་ཁང་དེ་ནས་སྔ་རྗེས་སུ་གཏམ་བཤད་ཕུལ་བྱུང་གི་གསེར་གྱི་གཟེངས་རྟགས་དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཇོན་མེ་ཇར་དང་ཨ་ཡར་ལེནདྲ་ཆབ་སྲིད་ཀྱི་དབུ་ཁྲིད་ཟུར་པ་སྐུ་ཞབས་ཨེལ་སྦཏ་སི་རེ་ནོལ་སི་ འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་ལྷོ་ཨ་ཕེ་རི་ཀའི་ཡི་ཤུའི་བློ་ཆེན་ཌེསི་མེན་ཀྲུ་ཀྲུ་སོགས་ལ་ཕུལ་ཡོད་པ་རེད།།