བཀའ་བློན་ཁྲི་པ་མཆོག་ནས་བཀའ་དྲིན་རྗེས་དྲན་གྱི་གསུང་བཤད།
2010.05.01
༄༅༎ཕྱི་ཟླ་༤ཚེས་༣༠ཉིན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འགྲམ་རྡ་རི་ཐང་ཆེན་དུ། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྡ་སར་༧ཞབས་སོར་བཀྲིན་བསྐྱངས་ནས། མི་ལོ་༥༠འཁོར་བའི་དུས་དྲན་མཛད་སྒོ་གནང་བའི་ཐོག བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཧི་མ་ཅལ་མངའ་སྡེའི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་གནང་མཛད་འདུག
བཀའ་བློན་ཁྲི་པ་མཆོག་གིས་ལོ་སྔོན་མ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༡༩༥༩ལོར་རྒྱ་གར་འཕགས་པའི་ཡུལ་དུ་༧ཞབས་སོར་འཁོད་ནས་མི་ལོ་༥༠འཁོར་བའི་དུས་ཆེན་དང་མཉམ་དུ། རྒྱ་གར་རྒྱལ་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་ལས་རིམ་ཞིག་ཞུས་པ་བཞིན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཧི་མྰ་ཅལ་མངའ་སྡེའི་རྡ་རམ་ས་ལར་༡༩༦༠ཟླ་བ་༤པའི་ཟླ་མཇུག་ཕྱི་ཟླ་༥པའི་ཚེས་ཤར་ལ་ཞབས་སོར་འཁོད་ནས་མི་ལོ་༥༠ཧྲིལ་པོ་འཁོར་བའི་ཉིན་མོར། ཧི་མྰ་ཅལ་མངའ་སྡེའི་གཞུང་མང་ལ་བཀའ་དྲིན་རྗེས་དྲན་དང་ཐུགས་རྗེ་ཆེ་ཞུ་རྒྱུའི་ཆེད་དུ་མཛད་སྒོ་དེ་གོ་སྒྲིག་གནང་བའི་སྐོར་གསུངས་ཏེ། འདས་པའི་ལོ་༥༠རིང་ཧི་མྰ་ཅལ་མངའ་སྡེའི་ནང་ཡོད་པའི་བོད་རིགས་ཚོ་དང༌། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་སྲུང་ཆ་ནས་མཚོན་པའི་གནས་ཚུལ་མང་པོ་ཞིག་གི་ཐོག ཧི་མ་ཅལ་མངའ་སྡེས་མཐུན་འགྱུར་རོགས་རམ་བླ་མེད་གནང་བ་དེ་དག་བོད་ཀྱི་བྱུང་རབས་ལོ་རྒྱུས་ནང་ཟུབ་ཏུ་མེད་པ་དང༌། བོད་མི་རིགས་ཀྱིས་དུས་ནམ་ཡང་བརྗེད་དུ་མི་རུང་བའི་བྱུང་རབས་ཤིག་ཡིན་སྐོར་གསུངས་འདུག།