བཀའ་ཁྲི་མཆོག་གིས་ཉི་འོང་དུ་བོད་མིར་གསུང་བཤད།
2012.04.02
༄༅༎བཀའ་བློན་ཁྲི་པ་མཆོག་གིས་་ཉི་ཧོང་ནང་ཉིན་ལྔའི་ལས་འཆར་དབུ་འཛུགས་གནང་ཡོད་པ་རེད། ཕྱི་ཟླ་༤ ཚེས་ ༡ ཉིན་གྱི་སྔ་དྲོ་བཀའ་ཁྲི་མཆོག་གིས་ཐོག་མར་ཉི་ཧོང་གི་གསར་ཤོག་སྙན་གྲགས་ཆེ་བ་ཁག་གཉིས་ཀྱི་བཅར་འདྲིར་ལན་འདེབས་གནང་ཡོདཅིང༌། བཅར་འདྲིའི་ནང་དོན་གཙོ་བོ་ནི་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོ་ལ་རེ་བ་ག་རེ་གནང་གི་ཡོད་མེད་དང༌། བཀའ་ཤག་སྐབས་བཅུ་བཞི་པའི་ལས་དོན་གཙོ་ཆེ་ཁག། དེ་བཞིན་བཙན་བྱོལ་བོད་མིའི་ཆབ་སྲིད་འཕོ་འགྱུར་རྗེས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གནས་བབ་དང༌། བོད་ནང་ད་བར་རང་ལུས་མེར་སྲེག་བཏང་བའི་ལས་འགུལ་ཐོག་བཀའ་ཤག་གི་གཟིགས་ཚུལ་གང་འདྲ་ཡོད་མེད་སོགས་ཀྱི་སྐོར་བཀའ་འདྲི་ཞུས་ཡོད་པ་རེད།
དེ་ནས་ཉིན་རྒྱབ་བཀའ་ཁྲི་མཆོག་གིས་ཐོག་མར་ཉི་ཧོང་དུ་གནས་སྡོད་བོད་མི་ཚོར་ཐུག་འཕྲད་གནང་སྟེ་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་དང༌། བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་འཕོ་འགྱུར་སྐོར། བོད་ཀྱི་ཛ་དྲག་གནས་སྟངས་སྐབས་ཚང་མས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་གནང་གལ་ཆེ་བའི་སྐོར་དང༌། བོད་ཀྱི་རྩ་དོན་ཐོག་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་གལ་ཆེན་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་བ་དང་ཆབས་ཅིག་ཉི་ཧོང་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང་སྦྲགས། མ་འོངས་པར་མུ་མཐུད་རྒྱབ་སྐྱོར་ཡོང་སླད་ད་རེས་ཉི་ཧོང་དུ་ཕེབས་སྐོར་འགྲེལ་བརྗོད་གནང་འདུག།
ད་རེས་ཉི་ཧོང་ནང་ཕེབས་པ་འདི་ བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཁྲིའི་འགན་འཁུར་བཞེས་རྗེས་ཨེ་ཤི་ཡའི་ཕྱི་རྒྱལ་ཁབ་ནང་ཕེབས་ཐེངས་དང་པོ་དེ་ཆགས་ཡོད། གཞན་ཡང་ཕྱི་ཚེས་༡དགོང་མོ་ཉི་ཧོང་སྐུ་ཚབ་དོན་གཅོད་ལས་ཁུངས་ནས་བཀའ་ཁྲི་མཆོག་ལ་ཕེབས་བསུའི་གསོལ་སྟོན་ཞིག་གོ་སྒྲིག་ཞུས་་ཡོད་པ་དང་།དེའི་ཐོག་རྒྱལ་ས་ཊོཀ་ཁྱོའི་ཉེ་ཁུལ་གྱི་བོད་དོན་རྒྱབ་སྐྱོར་བ་དང་བོད་རིགས་ཚོགས་པ་སོགས་
སྐུ་མགྲོན་མི་སྣ་ ༢༠༠ ཙམ་ཞིག་མཉམ་ཞུགས་གནང་འདུག་ལ། བཀའ་ཁྲི་མཆོག་གིས་གསོལ་སྟོན་ཐོག་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྤྱི་དང༌། ཉི་ཧོང་གཞུང་མང་གཉིས་ནས་ད་བར་ལྷག་བསམ་རྣམ་དག་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་ཅིག་མ་འོངས་པར་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་རྗེས་སྐུ་མགྲོན་མི་སྣ་རེ་རེ་བཞིན་མཇལ་མོལ་དང་སྐུ་པར་བསྒྲོན་ཡོད་པའི་སྐོར་ ཕྱི་དྲིལ་སྒྲ་བརྙན་ཚན་པའི་གསར་འགོད་པ་རྣམ་རྒྱལ་ཚེ་དབང་ལགས་ཀྱིས་ཉི་ཧོང་ནས་གནས་ཚུལ་བཏང་གནང་བཞག།