འབར་མའི་འོས་བསྡུ་ནས་བྱུང་བའི་རེ་བ་གསར་པ།

དཀའ་སྡུག་མྱོང་བཞིན་པའི་བོད་ནང་དུའང་རྒྱ་ནག་གཞུང་གི་དྲག་གནོན་གྱི་བྱ་སྤྱོད་མཚམས་འཇོག་ཡོང་རྒྱུའི་ཉིན་མོ་ཞིག་འཆར་བའི་རེ་བ།

2012.04.03

༄༅༎རེས་གཟའ་ཟླ་བའི་ཉིན་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། འབར་མའི་དམངས་གཙོའི་དབུ་ཁྲིད་ལྕམ་ཨོང་སན་སུའུ་ཆི་ ལ་རེས་གཟའ་ཉི་མའི་འོས་བསྡུའི་ནང་རྒྱལ་ཁ་ཐོབ་པ་དེ་ཡིས་ཁོང་ལ་རེ་བ་གསར་པ་ཞིག་སྐྲུན་ཡོད་པ་བཞིན་དཀའ་སྡུག་མྱོང་བཞིན་པའི་བོད་ནང་དུའང་རྒྱ་ནག་གཞུང་གི་དྲག་གནོན་གྱི་བྱ་སྤྱོད་མཚམས་འཇོག་ཡོང་རྒྱུའི་ཉིན་མོ་ཞིག་འཆར་བའི་རེ་བ་ཡོད་ཅེས་གསུང་ཡོད་པ་རེད།
དེ་ཡང་ཕེ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བའི་ནང༌། དགུང་གྲངས་༤༣ ལ་ཕེབས་པའི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། ཉི་ཧོང་དུ་ཕྱི་རྒྱལ་གསར་འགོད་ལྷན་ཚོགས་ཐོག་ལ། མི་སུ་གཅིག་གིས་ལྕམ་ཨོང་སན་སུའུ་ཆི་འབར་མའི་དྲག་པོའི་གཞུང་གིས་ལོ་མང་རིང་ཁྱིམ་ཚང་ནས་འགྲོ་བསྐྱོད་ཀྱི་རང་དབང་མེད་པར་བཟང་བཙོན་ལྟར་དོ་དམ་བྱས་པ་ནས་གློད་གྲོལ་ཐོབ་རྒྱུ་དང༌། ཁོང་ལ་བསྐྱར་དུ་འོས་བསྡུའི་རྒྱལ་ཁ་ཐོབ་རྒྱུའི་རེ་བ་མེད་པ་གཟིགས་ཀྱི་ཡོད་ཀྱང༌། གནས་སྟངས་དེ་དངོས་སུ་བྱུང་ཡོད་པ་བཞིན། ང་ཚོ་བོད་མི་ཚོར་ཡང་ཉིན་མོ་དེ་འདྲ་ཞིག་ཡོང་རྒྱུ་ཡིན་པ་ཡིད་ཆེས་ཡོད་ཅེས་དང༌། ཁག་ཅིག་གིས་ཡོང་མ་སྲིད་པ་དང༌དངོས་ཡོད་གནས་ཚུལ་མ་རེད་ཅེས་གསུང་གི་ཡོད་ནའང་བདེན་པའི་འཐབ་རྩོད་ཚང་མར་རྒྱལ་ཁ་ཐོབ་པའི་རྒྱུ་མཚན་ནི། སོ་སོ་རང་ཉིད་ལ་ཡིད་ཆེས་དང་སོ་སོས་བྱས་པའི་ལས་འགུལ་ལ་ཡིད་ཆེས་བྱས་པའི་ཐོག་ནས་བྱུང་བ་ཡིན་ཞིང༌། དཔེར་ན། ལྕམ་ཨོང་སན་སུའུ་ཆི་ནི་འབར་མའི་དྲག་པོའི་གཞུང་གིས། ལོ་མང་རིང་བཟང་བཙོན་དུ་དོ་དམ་བྱས་པའི་རྗེས། འབར་མའི་ནང་མི་དམངས་ཀྱི་གཞུང་གསར་པ་སླེབས་ཏེ་བཅོས་བསྒྱུར་བཏང་སྟེ། ༢༠༡༠ ལོར་ལྕམ་ཨོང་སན་སུའུ་ཆི་བཟང་བཙོན་ནས་གློད་འགྲོལ་ཐོབ་པ་མ་ཟད། ད་ཆ་འབར་མའི་གྲོས་ཚོགས་ཀྱི་འོས་བསྡུའི་ནང་བསྐྱར་དུ་རྒྱལ་ཁ་ཐོབ་ཏེ་འབར་མའི་རྒྱལ་ཁབ་ཀྱི་ལོ་རྒྱུས་གསར་པ་ཞིག་ཏུ་གྱུར་ཡོད་ཅེས་གསུང་ཡོད་པ་རེད། ད་དུང་ཁོང་གིས་ནན་བརྗོད་གནང་དོན་ལ། བོད་ནང་དུ་བོད་མི་ཚོས་རང་ཉིད་ཀྱི་གཅེས་པའི་ཚེ་སྲོག་བློས་གཏོང་གནང་སྟེ། འཛམ་གླིང་སྤྱི་དང༌། རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་ནང་གི་ཡ་ང་བའི་གནས་སྟངས་མཁྱེན་རྟོགས་ཡོང་བ་དང༌། དོ་སྣང་ཡོང་ཐབས་གནང་གི་ཡོད་པ་བཞིན། བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་དང་དྲག་གནོན་བྱ་སྤྱོད་དེ་དག་མཚམས་འཇོག་ངེས་པར་དུ་བྱ་དགོས་པ་དང༌། བཙན་འཛུལ་ནི་དུས་ནམ་ཡང་ངོས་ལེན་ཞུ་ཐབས་མེད་པ་རེད་ཅེས་གསུང་ཡོད་པ་རེད།


བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎