༸གོང་ས་མཆོག་གིས། རྐྱང་ཕྱག་གནས་སྐོར་བ་དགེ་འདུན་པ་བསྐལ་བཟང་བསྟན་འཛིན་ལགས་སུ་མཇལ་ཁ་སྩལ་བ།

སྤྱི་ལོ་༢༠༢༣ ལོའི་སྤྱི་ཟླ་༧ པའི་ཚེས་༥ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་ནས་བཞུགས་རྡ་རམ་ས་ལར་བར་ཟླ་བ་བརྒྱད་ཙམ་རིང་རྐྱང་ཕྱག་འཚལ་ནས་ཡོང་བའི་དགེ་འདུན་པ་བསྐལ་བཟང་བསྟན་འཛིན་ལགས་སུ་མཇལ་ཁ་སྩལ་ཏེ། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་བྱ་དགོས་གལ་ཆེ་བའི་སྐོར་བཀའ་གནང་འདུག
དགུང་གྲངས་༦༡ཡིན་པའི་དགེ་འདུན་པ་སྐལ་བཟང་བསྟན་འཛིན་ལགས་ཀྱིས་འཛམ་གླིིང་ཞི་བདེར་གཙོ་བོ་དམིགས་ཏེ། སྤྱི་ལོ་༢༠༢༢ ལོའི་སྤྱི་ཟླ་༡༠ པའི་ཚེས་༢༩ ཉིན་རྒྱ་གར་བྷི་ཧར་མངའ་སྡེའི་ནང་ཆགས་པའི་གནས་མཆོག་རྡོ་རྗེ་གདན་ནས་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བར་སྤྱི་ལེ་༢༡༥༠ཙམ་ཐེར་གེ་འཐེན་ཞིང་རྐྱང་ཕྱག་འཚལ་ནས་ཡོང་སྟེ། མཐར་གཙུག་ལག་ཁང་གི་སྟོན་པའི་༸སྐུ་བརྙན་དང་༸གོང་ས་མཆོག་དངོས་སུ་མཇལ་བའི་སྐབས་ཁོང་གིས་སེམས་རྒྱུད་ལ་བྱམས་སྙིང་རྗེ་དང་འབྲེལ་བའི་དམིགས་བསལ་ནུས་པ་ཞིག་སྐྱེས་ཡོད་འདུག
སྤྱིར་ཕྱག་འཚལ་ཞེས་པ་ནི་ལེགས་སྦྱར་སྐད་དུ་ན་མོ་ཞེས་བྱ་བ་སྟེ། སྒོ་གསུམ་གྱི་གུས་འདུད་བྱེད་པའི་དོན་ཡིན་ཞིང་། ཕྱག་ཅེས་པ་ནི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་བྱང་ཞིང་དག་པ་དང་། འཚལ་ཞེས་པ་ནི་བསླབ་པ་གསུམ་གྱི་ཡོན་ཏན་འདོད་པའི་དོན་ལ་གོ་ཡི་ཡོད་པས་། ཕྱག་འཚལ་བ་ཡིན་ན།རླབས་ཆེན་གྱི་བསོད་ནམས་བསགས་ཐུབ་ཀྱི་ཡོད་འདུག་ལ། དེ་ལྟར་བྱུང་ན། མདོ་ལས། བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ་ཅེས་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཇི་བཞིན་འགྲུབ་ཐུབ་ཅེས་གསུངས་ཡོད།
དགེ་འདུན་པ་བསྐལ་བཟང་བསྟན་འཛིན་ལགས་ཀྱིས་ད་རེས་རྐྱང་ཕྱག་འཚལ་བཞིན་བཞུགས་སྒར་དུ་ཕེབས་འབྱོར་བྱུང་འདི་ནི་ཐེངས་གསུམ་པ་ཆགས་ཀྱི་ཡོད་པ་དང་། ཐེངས་དང་པོ་དེ་སྔོན་སྤྱི་ལོ་༢༠༠༨ལོར་བོད་མདོ་སྨད་བླ་བྲང་བཀྲིས་འཁྱིལ་ནས་ཕྱག་འཚལ་བཞིན་ཕེབས་ཏེ། ༢༠༡༤ ལོར་གནས་མཆོག་རྡོ་རྗེ་གདན་དུ་འབྱོར་ཡོད་པ་དང་། ཐེངས་གཉིས་པ་དེ། གནས་མཆོག་རྡོ་རྗེ་གདན་ནས་རྐྱང་ཕྱག་འཚལ་བཞིན་དུ་བལ་ཡུལ་གྱི་གནས་ཆེན་ཁག་ལས་སྟག་མོ་ལུས་སྦྱིན་བར་ཕེབས་ཡོད་པ། དེ་བཞིན་ཐེངས་གསུམ་པ་ནི་གནས་མཆོག་རྡོ་རྗེ་གདན་ནས་འགོ་འཛུགས་ཀྱིས་། སྤྱི་ཟླ་༦ པའི་ཚེས་༣༠ ཉིན་བཞུགས་སྒར་རམ་ས་ལར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་གྱི་རྐྱང་ཕྱག་གནས་སྐོར་དེ་ཡིིན་འདུག
ད་སྐབས་དགེ་འདུན་པ་བསྐལ་བཟང་བསྟན་འཛིན་ལགས་ཀྱིས། སྙིང་སྟོབས་དང་དད་སེམས། ཕུགས་བསམ་བཅས་ལ་འགྲོ་བ་མི་མང་པོ་ཞིག་གིས་ཡི་རངས་བསྔགས་བརྗོད་གནང་བཞིན་འདུག་པ་མ་ཟད། དགེ་འདུན་པ་ཁོང་དངོས་སུ་མཇལ་མཁན་ཚོས་དགའ་དད་ངང་ནས་ཁོང་ལ་གུས་འདུད་ཞུས་པ་དང་ལྷན་དུ་སྐུ་པར་སྒྲོན་པ། དེ་བཞིན་ཕྱག་དབང་ཞུས་པ་སོགས་གནང་མུས་ཡིན་འདུག
ད་རེས་མཇལ་ཁའི་སྐབས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་དགྱེས་ཚོར་ཆེན་པོས། དགེ་འདུན་པ་ཁོང་ལ་སྟོན་པ་ཐུབ་པའི་དབང་པོའི་༸སྐུ་བརྙན་ཞིག་དང་། འཕགས་པ་སྤྱན་རས་གཟིགས་ཀྱི་༸སྐུ་བརྙན་ཞིག དེ་བཞིན་མགོན་པོ་གང་ཉིད་མཆོག་ནས་གསོག་སྒྲུབ་མཛད་པའི་སྔགས་ཆུ་བཅས་གསོལ་སྩལ་མཛད་འདུག
གཞི་རྩའི་ཆ་ནས་དགེ་འདུན་པ་སྐལ་བཟང་བསྟན་འཛིན་ལགས་ནི། བོད་མདོ་སྨད་ཀླུ་ཆུ་རྫོང་གི་ཟམ་ཚ་རྡོ་ཟུར་སྡེ་བ་ནས་ཡིན་ཞིང་། བོད་དུ་མདོ་སྨད་ཀྱི་གནས་ཆེན་ཁག་དང་། དབུས་གཙང་གི་གནས་ཆེན་ཁག་དང་གདན་ས་ཆེ་ཁག་སོགས་སུ་རྐྱང་ཕྱག་འཚལ་བཞིན་ཕེབས་འདུག་པ་མ་ཟད། རྒྱ་ནག་རི་བོ་རྩེ་ལྔ་དང་གླང་ཆེན་འགྱིང་རི་སོགས་རྒྱ་ནག་གི་གནས་ཆེན་ཁག་དུ་རྐྱང་ཕྱག་འཚལ་བཞིན་ཕེབས་ཡོད་འདུག མདོར་ན། འདས་པའི་ལོ་༡༠ ལྷག་གི་ནང་དགེ་འདུན་པ་ཁོང་གིས་རྐྱང་ཕྱག་འཚལ་ཏེ་ཡོང་འདུག་པ་མ་ཟད། ཁོང་མ་འཆི་བར་དུ་རྐྱང་ཕྱག་འཚལ་ཏེ་དགེ་བའི་ལས་ལ་འབད་རྒྱུ་ཡིན་པ་གསུངས་བྱུང་།