༧དཔལ་རྒྱལ་དབང་༧ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སུད་སིར་ཆིབས་སྒྱུར་གྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཡོད་པ།

2024.08.26
༧དཔལ་རྒྱལ་དབང་༧ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སུད་སིར་ཆིབས་སྒྱུར་གྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཡོད་པ། ༧དཔལ་རྒྱལ་དབང་༧ཀརྨ་པ་རིན་པོ་ཆེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་པ། ༢༠༢༤།༠༨།༢༥
OHHDL

༧དཔལ་རྒྱལ་དབང་༧ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འདས་པའི་ལོ་ངོ་བདུན་ཙམ་གྱི་རིང་། ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་བཞུགས་ཏེ་འགྲོ་དོན་གྱི་མཛད་འཕྲིན་རྒྱ་ཆེ་སྐྱོང་བཞིན་པ་དང་མཚུངས། ད་ལན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་༧སྐུའི་ཞབས་པུས་སྨན་བཅོས་སླད་ཨ་མི་རི་ཀར་ཆིབས་སྒྱུར་གྱིས་སྨན་བཅོས་ལེགས་པར་གྲུབ་སྟེ་ཚུར་རྒྱ་གར་དུ་ཆིབས་སྒྱུར་གནང་པའི་ཕེབས་ལམ་དུ་ཡོ་རོབ་སུད་སི་རྒྱལ་ཁབ་ཀྱི་ནང་ཕེབས་འབྱོར་དང་བསྟུན། ཕྱི་ཟླ་ ༨ ཚེས་ ༢༥ ཉིན་༧དཔལ་རྒྱལ་དབང་༧ཀརྨ་པ་རིན་པོ་ཆེ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཆེད་དུ་སུད་སིའི་ནང་ཆིབས་སྒྱུར་གྱིས། སུད་སི་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཛུ་རིག་གི་ཧིལ་ཊོན་གསོལ་མགྲོན་ཁང་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་ཡོད་ཅིང་། མཇལ་བཅར་སྐབས་ཀྱི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་སྒེར་དྲ་ལམ་དང་། ༧དཔལ་རྒྱལ་དབང་༧ཀརྨ་པ་རིན་པོ་ཆེ་མཆོག་གི་དྲ་ལམ་བཅས་སུ་སྤེལ་གནང་ཡོད་བ་དེར་ཕྱི་ནང་གི་བོད་མི་ཧ་ཅང་མང་པོས་དགའ་དད་སྤྲོ་གསུམ་གྱིས་དགའ་གུས་ཀྱི་རྣམ་འགྱུར་ཧ་ཅང་ཤུགས་ཆེ་སྟོན་ཡོད་པ་རེད།

༧དཔལ་རྒྱལ་དབང་༧ཀརྨ་པ་རིན་པོ་ཆེ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་དགུང་ལོ་བཅུ་བཞིའི་སྟེང་། ཕྱི་ལོ་ ༢༠༠༠ ཟླ་ ༡ ཚེས་ ༢༥ ཉིན་བོད་ནས་རྒྱ་གར་ནང་ཆིབས་སྒྱུར་གནང་སྟེ་ལོ་ངོ་བཅོ་བརྒྱད་ཙམ་གྱི་རིང་རྒྱ་གར་དུ་བཞུགས་གདན་འཇགས་ཡོད་པ་དང་། ཕྱི་ལོ་ ༢༠༡༧ ལོ་ནས་༧སྐུའི་འཕྲོད་བཞེས་ཀྱི་ཆེད་ཨ་མི་རི་ཀའི་ནང་ཆིབས་བསྒྱུར་དང་སྦྲགས། གཙོ་ཆེར་ནུབ་ཕྱོགས་ཡུལ་གྲུ་ཁག་གི་ནང་འགྲོ་དོན་རྒྱ་ཆེ་བསྐྱངས་ཏེ་བཞུགས་མུས་སུ་ཡིན་པ་རེད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱི་ཟླ་ ༨ པའི་ཚེས་ ༢༥ ཉིན་སུད་སི་རྒྱལ་ཁབ་གཙོས་པའི་ཡོ་རོབ་ནང་གི་བོད་མི་དང་ཕྱི་ནང་གི་དད་ལྡན་པ་སྟོང་ཕྲག་མང་པོས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། མགོན་པོ་༧གང་ཉིད་ཀྱིས་དད་ལྡན་པ་ཚོར་ཆོས་འབྲེལ་བཀའ་སློབ་སྩལ་གནང་གྲུབ་འཕྲལ།

ཕྱི་ཟླ་ ༨ ཚེས་ ༢༦ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྟོན་འཁོར་ལྷན་རྒྱས་དང་བཅས་སུད་སི་རྒྱལ་ཁབ་ནས་མཁའ་ལམ་བརྒྱུད་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་ཆིབས་ཐོན་གནང་ཡོད་པ་དང་། ཕྱི་ཟླ་༨ ཚེས་ ༢༨ ཉིན་བཞུགས་སྒར་རྡ་རམ་ས་ལར་ཆིབས་སྒྱུར་གནང་གཏན་འཁེལ་ཡོད་པ་རེད།།

གསར་འགོད་པ། བློ་བྷེ། རབ་སྒང་ཚེ་རིང་ཕུན་ཚོགས།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎