ཀརྨ་པ་མཆོག་བྲོས་བྱོལ་དུ་ཕེབས་སྐབས་ཕྱག་བྲིས་ཞིག་བཞག་ཡོད་འདུག


2017.06.07
ཀརྨ་པ་མཆོག་ཁེ་ཎ་ཊའི་གངས་ལྗོངས་ཆོས་ལྡན་གླིང་དུ། ༢༠༡༧།༦།༤ ཀརྨ་པ་མཆོག་ཁེ་ཎ་ཊའི་གངས་ལྗོངས་ཆོས་ལྡན་གླིང་དུ། ༢༠༡༧།༦།༤
TCCC/Canada

མ་འོངས་པར་བོད་གངས་ཅན་ལྗོངས་ལ་སོ་སོས་ཕན་བདེ་སྒྲུབ་ཐུབ་པ་ཞིག་ཡོད་པ་ཡིན་ན་མགྱོགས་པོར་ལོག་ཡོང་གི་ཡིན་ཞེས་རྒྱལ་བ་ཀརྨ་པ་མཆོག་གིས་བོད་ནས་བྲོས་བྱོལ་དུ་ཕེབས་སྐབས་ཡི་གེ་ཞིག་བཞག་གནང་ཡོད་འདུག
དེ་ཡང་ཕྱི་ཟླ་༦ཚེས་༤རེས་གཟའ་ཉིན་མའི་ཉིན། ཁེ་ན་ཌའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གངས་ལྗོངས་ཆོས་ལྡན་གླིང་དུ་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ནས་དད་ལྡན་ཆོས་ཞུ་བ་བཞི་སྟོང་ལྷག་ཙམ་ལ་གསུང་ཆོས་དང་བཀའ་སློབ་གནང་བའི་སྐབས་སུ་གསུངས་དོན། ང་རང་ཡིན་ན་དང་པོ་བོད་ནས་༡༩༩༩ལོའི་ལོ་མཇུག་ནས་བོད་ནས་ཚུར་བྲོས་ཡོང་དུས་གཙོ་བོ་སློབ་སྦྱོང་མང་པོ་ཞིག་བྱེད་དགོས་པ་དང་། དེ་བཞིན་ཆོས་བརྒྱུད་ཀྱི་དབང་ལུང་མན་ངག་བརྒྱུད་པ་མང་པོ་ཞིག་བརྒྱུད་འཛིན་བྱེད་དགོས་ཡག་ཡོད་པ་དེ་དག་རྒྱུད་འཛིན་བྱེད་དགོས་པ་དེ་ཚོའི་བླ་མ་ཚང་མ་རྒྱ་གར་ལ་ཡོད་པ་དང་། ཕྱི་རྒྱལ་ལ་འགྲོ་དགོས་པའི་རྒྱུ་མཚན་གཞན་ཡང་ཡོད་རེད་དེ་ཕྱོགས་གཅིག་ནས་རྒྱུ་མཚན་གཅིག་དེ་རེད། སྐབས་དེ་དུས་ངས་ཡི་གེ་ཞིག་བཞག་ཡོད་པ་རེད་ཡི་གེ་དེ་སུས་མཐོང་ཧ་གོ་གི་མ་རེད་ཕལ་ཆེར་རྒྱ་ནག་གཞུང་གི་ལག་པ་ལ་ཐེབས་ཡོད་རྒྱུ་རེད།
དེའི་ནང་ངས་ཕྱི་རྒྱལ་ལ་འགྲོ་རྒྱུ་ཐབས་ཤེས་མང་པོ་བྱས་པ་ཡིན་སྟབས་ད་བར་འགྲོ་ཐུབ་མ་སོང་། ཐབས་ཤེས་མཐའ་མ་དེ་ལ་དེ་འདྲ་ཞིག་མི་བྱེད་ཀ་མེད་བྱུང་སོང་། འོན་ཀྱང་མ་འོངས་པ་བོད་གངས་ཅན་ལྗོངས་ལ་སོ་སོས་ཕན་བདེ་སྒྲུབ་ཐུབ་པ་ཞིག་ཡོད་པ་ཡིན་ན་མགྱོགས་པ་ལོག་ཡོང་གི་ཡིན་ཞེས་བྲིས་ཡོད། ངས་ད་ལྟ་བར་དུ་དེ་འདྲ་དྲན་གྱི་ཡོད། ཕྱིར་ང་རྒྱ་གར་དུ་སླེབས་ནས་ལོ་༡༧ཙམ་འགྲོ་གི་ཡོད་པ་རེད། ཡིན་ན་ཡང་ད་དུང་གཙོ་བོ་དེ་གཞིས་བཞུགས་བོད་རིགས་སྤུན་ཟླས་དཀའ་ངལ་དང་སྡུག་པོ་མྱང་བཞིན་པ་རེད། ང་ཚོས་ངེས་པར་དུ་ཁོང་ཚོ་བློས་མ་གཏང་བའི་ཐོག་ནས་སོ་སོས་ཐབས་ཤེས་འདྲ་བྱས་ནས་གལ་སྲིད་ང་རང་ལྟ་བུ་ཡིན་ན་ཡང་གཞིས་ལ་ཡོད་པའི་བོད་རིགས་སྤུན་ཟླ་ཚོ་ལ་ཕན་ཐོགས་ཡོད་པ་ཡིན་ན་ཕར་བོད་དུ་ལོག་ནས་ཁོང་ཚོ་དང་མཉམ་དུ་གདུང་སེམས་མཉམ་སྐྱེད་དང་། སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུའི་འདོད་པ་ཡོད། དེ་བཞིན་ཁྱེད་རྣམ་པ་ཡང་དེ་འདྲ་རེད། གཙོ་བོ་གཙོ་བོ་བོད་ནང་དཀང་ངལ་མྱོང་མཁན་བོད་མི་རིགས་ཆེད་དུ་སེམས་ཤུགས་ཡོད་མཁན་བོད་ཀྱི་ཆོས་དང་རིག་གཞུང་ལ་སེམས་ཤུགས་ཡོད་བསྡད་མཁན་དེ་ཚོ་མ་བརྗེད་པ་བྱས་ནས་ཁོང་ཚོས་སེམས་ཀྱི་རེ་བ་དང་ཡིད་ཀྱི་འདུན་པ་གང་ཡོད་དེ་ལ་སོ་སོས་ངོས་ནས་གང་ཐུབ་ཅི་ཐུབ་ཀྱི་རྒྱབ་སྐྱོར་དང་དེ་དང་མཐུན་པའི་ཕྱག་ལས་གནང་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། དེ་འདྲ་ཞིག་བྱུང་ཐུབ་པ་ཡིན་ན་གཞི་ནས་སོ་སོ་བོད་རིགས་ཡིན་པའི་ཆ་ནས་ངོ་ཚ་མི་དགོས་པ་ཞིག་དང་རྒྱལ་བ་རིན་པོ་མཆོག་གི་སློབ་འབངས་པ་ཡིན་པ་དོན་དང་ལྡན་པ་ཞིག་ཡོང་གི་རེད་ཅེས་གསུངས་འདུག
གཞན་ཡང་རྒྱལ་བ་ཀརྨ་པ་མཆོག་གིས་ཕྱི་རྒྱལ་ནང་ཡོད་པའི་བོད་པ་ཚོར་ཉུང་མཐར་ཐེངས་གཅིག་བོད་དུ་ཕེབས་དགོས་པ་གསུངས་བ་དང་། སོ་སོའི་ཆོས་དང་རིག་གཞུང་གི་འབྱུང་གནས་དེ་བོད་གངས་ཅན་ལྗོངས་དང་ཐག་རིང་དུ་འགྲོ་གི་ཡོད་སྟབས་ཤུགས་ཀྱིས་ཆོས་དང་རིག་གཞུང་ལ་བཅངས་པའི་བརྩེ་བ་དང་དུང་བ་དེ་ཡང་ཕལ་ཆེར་ཉུང་དུ་འགྲོ་སྲིད་པ་རེད། ཁྱེད་རྣམས་ཕྱིར་རྒྱལ་ཁབ་ཁེ་ན་ཏྲིའི་མི་སེར་ཆགས་པ་རྣམས་ས་ཆ་གང་དུ་ཡང་འགྲོ་བསྐྱོད་ཆོག་པའི་རང་དབང་ཞིག་ཡོད་སྟབས་དེའི་རྒྱུ་མཚན་ལ་བརྟེན་ནས་སོ་སོའི་མི་ཚེའི་ནང་ཚར་གཅིག་མ་གཏོགས་འགྲོ་མ་ཐུབ་པ་ཡིན་ན་ཡང་ངེས་པར་དུ་བོད་ལ་ཚར་གཅིག་ཕྱིན་ནས་བོད་ཀྱི་ཁོར་ཡུག་དང་ཆོས་དང་རིག་གཞུང་ཉམས་མྱོང་དེ་ཚོར་བ་དང་མིག་མཐོང་ལག་ཟིན་ཡོང་བ་བྱེད་པ་དེ་གལ་ཆེན་པོ་ཞེ་དྲག་རེད་ཅེས་གསུངས་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་དགྲ་འདུལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎