ཡང་སྲིད་༧གོང་ས་མཆོག་རང་ལས་གཞན་གྱིས་ཐག་གཅོད་མི་ཐུབ།
2015.04.16
ཀརྨ་པ་མཆོག་གིས་༧གོང་ས་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐད་༧གོང་ས་མཆོག་སྐུ་ཉིད་རང་གིས་ཐག་གཅོད་གནང་བར་ཡིད་ཆེས་རྒྱབ་སྐྱོར་ཡོད་པ་གསུངས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་གིས་ཚེས་༡༥ཉིན་ཀརྨ་པ་སྐུ་ཕྲེང་༡༧་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ལ་གནད་དོན་འདྲ་མིན་ཐད་བཅར་འདྲི་ཞུས་ཡོད་པ་དང་། ༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་བཀའ་འདྲི་ཞུས་སྐབས། ཀརྨ་པ་མཆོག་གིས། སྤྱིར་གཏང་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ཐད་ཀྱི་གནད་དོན་དེ་ང་ཚོའི་བོད་པའི་སྲོལ་རྒྱུན་གྱི་འགྲོ་སྟངས་ལྟར་བྱས་ན་མང་པོ་བཤད་མ་དགོས་བ་ཞིག་ཡིན་པ་དང་། ག་དུས་ཡིན་ཡང་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཞབས་པད་བརྟན་ཡ་དང་། མུ་མཐུད་ནས་ང་ཚོ་དང་ལྷན་གཅིག་དུ་སྐུ་འཚོ་བཞུགས་ཐུབ་པར་སྨོན་འདུན་ཞུ་གི་ཡོད་པ་རེད། ཡིན་ནའང་དེང་སང་གནད་དོན་དེའི་ཐད་ལ་དྲི་བ་འདྲ་མང་པོ་ཞིག་ཡོང་གི་ཡོད་ཙང་། ང་རང་ཉིད་ཀྱི་བསམ་ཚུལ་ཡིན་ན། རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་སྐོར་གྱི་གནད་དོན་དེ་རྒྱལ་བ་རིན་པོ་ཆེ་གཅིག་པོས་ཐུགས་ཐག་གཅོད་གནང་ཡ་མ་གཏོགས། དེ་མི་གཞན་པ་ཞིག་གིས་ཐག་གཅོད་བྱེད་ཐུབ་ཡས་ཞིག་རྩ་བ་ནས་མིན་པ་ཡིན་དུས། རྒྱལ་བ་རིན་པོ་མཆོག་གིས་ཐག་གཅོད་ག་རེ་གནང་པ་དེ་ལ་ང་རང་གིས་ཡིད་ཆེས་ཞུ་ཡི་ཡོད་ལ་ཐག་གཅོད་གང་གནང་པ་དེ་ཡག་པོ་ཞིག་ཀྱང་གནང་གི་རེད་བསམ་པའི་ཡིད་ཆེས་བརྒྱ་ཆ་བརྒྱ་ཐམ་པ་ཡོད། རྒྱུ་མཚན་དེ་འདྲར་བརྟེན་ནས་དེའི་ཐད་ང་རང་དམིགས་བསལ་གྱི་སེམས་ཁྲལ་གང་ཡང་མི་འདུག ཡིན་ན་ཡང་དེང་སང་ཕྱི་རྒྱལ་གྱི་གསར་འགོད་པ་མང་པོ་ཞིག་གིས་དེའི་ཐོག་ལ་དོགས་པ་བླངས་པ་ཟེར་ནའི་འདྲ། གང་ལྟར་ཚོད་དཔག་མང་པོ་ཞིག་བྱས་ནས་ཁོ་ཚོས་དྲི་བ་མང་པོ་ཞིག་བཀོད་བསྡད་ཀྱི་ཡོད་རེད། ཡིན་ནའང་མཐའ་མའི་ཐག་གཅོད་དེ། རྒྱལ་བ་རིན་པོ་ཆེ་མཆོག་གིས་གཞུང་འབྲེལ་གྱི་ཐོག་ནས་ཐག་གཅོད་ངོ་མ་དེ་གནང་དུས། ང་ཚོ་ཚང་མས་ཤེས་ཐུབ་པ་ཞིག་ཕལ་ཆེར་ཆགས་ཀྱི་རེད་བསམ་གྱི་འདུག དེ་མ་བྱུང་བར་དུ་སྐད་ཆ་བཀའ་མོལ་འདྲ་མིན་ག་རེ་བྱུང་ཡང་མཐའ་མའི་ཐག་གཅོད་གང་ཡང་ཆགས་ཀྱི་མ་རེད་བསམ་གྱི་འདུག་ཅེས་གསུངས་ཡོད་པ་དང་ཆུ་ཚོད་ཕྱེད་ཀའི་བརྙན་འཕྲིན་ལས་རིམ་ནང་དྲི་བ་འདྲ་མིན་ལ་བཀའ་ལན་གནང་བ་དང་། འདི་ག་རླུང་འཕྲིན་ཁང་གི་དབུ་འཛིན་ལས་བྱེད་ཚོར་མཇལ་འཕྲད་གནང་ཡོད་པ་རེད།
ཀརྨ་པ་མཆོག་གིས་ཟླ་བ་འདིའི་སྤྱི་ཚེས་༡༥ཉིན་ནས་ཨ་མི་རི་ཀའི་རྒྱལ་སའི་མངའ་ཁུལ་དུ་མཛད་འཆར་འདྲ་མིན་སྐྱོང་བཞིན་པ་དང་། ཚེས༡༦ཉིན་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་Sarah Sewallམཆོག་དང་མཇལ་འཕྲད་གནང་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཆོས་འཕེལ།