རྒྱ་གར་གཞུང་གིས་༧ཀརྨ་པ་མཆོག་མཆོག་འབྲས་ལྗོངས་སུ་ཕེབས་ཆོག་པའི་བཀའ་ཁྲོལ་གནང་འདུག
2018.03.30
རྒྱལ་དབང་ཀརྨ་པ་མཆོག་རྒྱ་གར་འབྲས་ལྗོངས་སུ་ཕེབས་རྒྱུའི་ཐོག་རྒྱ་གར་དབུས་གཞུང་གིས་ཆོག་མཆན་ཕུལ་ཡོད་འདུག
དེ་ཡང་རྒྱ་གར་གྱི་བརྒྱུད་ལམ་ཁག་ནང་ཕྱི་ཚེས་༣༠ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གདན་ས་རུམ་སྟེགས་ཕུད་གཞན་འབྲས་ལྗོངས་ཀྱི་ས་ཁུལ་གང་དུ་ཡང་ཕེབས་ཆོག་པ་ཡོང་རྒྱུར་སྔ་ལོའི་སྤྱི་ཟླ་ལྔ་པའི་ནང་རྒྱ་གར་ནང་སྲིད་ལྷན་ཁང་གིས་གྲོས་འཆར་བཏོན་ཡོད་པ་བཞིན། ད་ལྟ་རྒྱ་གར་དབུས་གཞུང་གིས་ཆོག་མཆན་གནང་ཡོད་པ་རེད་འདུག
འབྲས་ལྗོངས་མངའ་སྡེའི་གྲོས་ཚོགས་འཐུས་མི་བསོད་ནམས་བླ་མ་ཞུ་བས། རྒྱ་གར་དབུས་གཞུང་གི་ཆེ་མཐོའི་བདེ་འཇགས་ལྷན་ཚོགས་ཀྱིས་རྒྱལ་དབང་ཀརྨ་པ་མཆོག་རུམ་སྟེགས་ཕུད་པའི་འབྲས་ལྗོངས་སུ་ཕེབས་རྒྱུའི་ཐོག་ལ་མོས་འཐུན་གནང་བའི་གནས་ཚུལ་ཤེས་རྟོགས་བྱུང་སོང་བ་དེ་ནི་དགའ་འོས་པའི་གཏམ་བཟང་ཞིག་རེད་ཅེས་བརྗོད་འདུག
དེ་བཞིན་འབྲས་ལྗོངས་མངའ་སྡེའི་ཕྱོགས་འགལ་ཆབ་སྲིད་ཚོགས་པ་(SKM)ཟེར་བ་ཡིས་་རྒྱ་གར་དབུས་གཞུང་གིས་ཐག་གཅོད་དེ་ལ་དགའ་བསུ་ཞུས་ཡོད་འདུག
སྤྱི་ལོ་༢༠༡༦ལོ་ནས་འགོ་འཛུགས་ཀྱིས་འབྲས་ལྗོངས་ཁུལ་དུ་གྲོས་ཚོགས་འཐུས་མི་བསོད་ནམས་བླ་མས་དབུ་ཁྲིད་པའི་ཚོགས་པ་ཞིག་གིས། རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་ཁུལ་དུ་ཆིབས་ཕེབས་འཇུག་རྒྱུའི་སྐོར་ཟས་བཅད་ངོ་རྒོལ་ཞིག་སྤེལ་ནས་ཉི་མ་༦༣༠འགྲོ་བཞིན་ཡོད་པ་དང་། ད་དུང་ཡང་རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་ཁུལ་དུ་དངོས་སུ་མ་ཕེབས་བར་དུ་མུ་མཐུད་ལས་འགུལ་དེ་སྤེལ་རྒྱུ་ཡིན་པ་བརྗོད་འདུག
སྔ་ལོའི་སྤྱི་ཟླ་༥པའི་ཚེས་༢༤ཉིན་རྒྱ་གར་གྱི་བརྒྱུད་ལམ་ཆེ་ཁག་ནང་གནས་ཚུལ་ཐོན་པ་ལྟར་ན། རྒྱལ་དབང་ཀརྨ་པ་མཆོག་འབྲས་ལྗོངས་སུ་གནས་པའི་གདན་ས་རུམ་སྟེགས་ཕུད་པའི་གཞན་ས་ཁུལ་གང་དུ་ཡང་རྒྱ་གར་དབུས་གཞུང་ལ་ཆོག་མཆན་ཞུ་མི་དགོས་པར་རང་དབང་གིས་ཕེབས་ཆོག་རྒྱུའི་སྐོར་རྒྱ་གར་གྱི་ནང་སྲིད་ལྷན་ཁང་གིས་རྒྱ་གར་དབུས་གཞུང་གི་ཆེ་མཐོའི་བདེ་འཇགས་ལྷན་ཚོགས་ལ་གྲོས་འཆར་ཕུལ་ཡོད་ཅིང་། རྒྱ་གར་དབུས་གཞུང་གི་ཆེས་མཐོའི་བདེ་འཇགས་ལྷན་ཚོགས་དེའི་ནང་རྒྱ་གར་གྱི་སྲིད་བློན་མོ་དྷིས་གཙོས་པའི་རྒྱ་གར་ནང་སྲིད་བློན་ཆེན་དང་། ཕྱི་སྲིད་བློན་ཆེན། བདེ་སྲུང་བློན་ཆེན། དཔལ་འབྱོར་བློན་ཆེན་སོགས་ཚུད་རྒྱལ་ཁབ་གྱི་བདེ་འཇགས་གྱི་གནད་དོན་ཐོག་ཐག་གཅོད་གནང་མཁན་གྱི་ཆེས་མཐོའི་ཚོགས་ཆུང་ཞིག་ཡིན་པ་རེད་འདུག
དཔལ་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་སྤྱི་ལོ་༢༠༠༠ལོར་དགུང་ལོ་༡༤ཐོག་བོད་ནས་བལ་ཡུལ་བརྒྱུད་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་ཡོད་པ་དང་། རྡ་སའི་ཉེ་འགྲམ་རྒྱུ་སྟོད་གྲྭ་ཚང་དུ་སྐུ་བཞུགས་གནང་སྟེ། རྒྱ་གར་ནང་ཁུལ་དང་ཕྱིའི་ཡུལ་གྲུ་ཁག་ཏུ་ཕེབས་རྒྱུར་རྒྱ་གར་གཞུང་གིས་ཆོག་མཆན་བཀའ་ཁྲོལ་དགོས་པར་མ་ཟད། རུམ་སྟེགས་དང་དཔལ་སྤུངས་ཤེས་རབས་གླིང་སོགས་ས་གནས་ཁག་གཅིག་ཏུ་ཕེབས་རྒྱུར་རྒྱ་གར་གཞུང་གིས་དམ་དྲག་གནང་ཡོད་པ་རེད།
འོན་ཀྱང་རྒྱ་གར་གཞུང་གིས་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གི་ཐོག་གཟིགས་ཚུལ་ཡངས་སུ་སོང་སྟེ། སྔ་ལོ་བོད་དང་རྒྱ་གར་གྱི་ས་མཚམས་ས་ཁུལ་ཨ་རུ་ན་ཅཱལ་མངའ་སྡེར་ཡང་ཕེབས་ཐུབ་པ་བྱུང་ཡོད་པ་རེད།
དེང་སྐབས་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་ཨ་རིའི་ཁུལ་སྐུ་བཞུགས་གནང་བཞིན་ཡོད་ཅིང་། འགའ་ཤས་ཀྱིས་རིང་མིན་ཕྱི་ཟླ་ ༦ ནང་རྒྱ་གར་དུ་ཕྱིར་ཕེབས་གནང་རྒྱུའི་ཚོད་དཔག་བྱེད་བཞིན་ཡོད་འདུག
གསར་འགོད་པ་རྡོ་རྗེ་དགྲ་འདུལ།