ཀརྨ་པ་མཆོག་གིས་རྒྱ་རིགས་གཙོས་དད་ལྡན་པ་ཚོར་ཆོས་འབྲེལ་གནང་པ།


2018.02.05
ཀརྨ་པ་མཆོག་གིས་རྒྱ་རིགས་གཙོས་དད་ལྡན་པ་ཚོར་ཆོས་འབྲེལ་གནང་སྐབས། ༢༠༡༨།༢།༤ ཀརྨ་པ་མཆོག་གིས་རྒྱ་རིགས་གཙོས་དད་ལྡན་པ་ཚོར་ཆོས་འབྲེལ་གནང་སྐབས། ༢༠༡༨།༢།༤
karmapa/FB

དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་བློ་སྤྱོང་ཚིག་བརྒྱད་མའི་ལམ་རིམ་བཀའ་ཆོས་དང་སྒྲོལ་མའི་བཀའ་དབང་སྩལ་འདུག
དེ་ཡང་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་ཟླ་འདིའི་སྤྱི་ཚེས་༤་གཟའ་ཉི་མའི་ཉིན་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཟླ་སྣང་ཐེབས་རྩ་ཚོགས་པའི་གཙོ་འཛིན་ཆོས་རྗེ་བླ་མ་ཚེ་དབང་རིན་པོ་ཆེ་གཙོས་ཚོགས་མི་ཡོངས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། བོད་མི་དང་རྒྱ་རིགས། དེ་བཞིན་ཨ་རིའི་ས་ཕྱོགས་གང་ས་ནས་འཛོམས་པའི་དགེ་འདུན་པ་དང་སྐྱ་སེར་ཕོ་མོ་བཅས་མི་གྲངས་སྟོང་ཕྲག་འགའ་ཤས་ལ་ཉིན་དེའི་ཞོགས་པར་བློ་སྤྱོང་ཚིག་བརྒྱད་མའི་ལམ་རིམ་བཀའ་ཆོས་དང་། ཉིན་རྒྱབ་དུ་སྒྲོལ་མའི་བཀའ་དབང་བཀའ་དྲིན་སྩལ་གནང་འདུག རྒྱལ་བ་ཀརྨ་མཆོག་གསེར་ཁྲིར་ཞབས་སོར་འཁོད་མཚམས་ཆོས་རྗེ་བླ་མ་ཚེ་དབང་རིན་པོ་ཆེ་ནས་ཟླ་སྣང་ཐེབས་རྩ་ཚོགས་པའི་ལས་དོན་བྱེད་ཕྱོགས་སྐོར་ཀྱི་ངོ་སྤྲོད་སྙན་སེང་དང་འབྲེལ་རྒྱལ་བ་ཀརྨ་པ་མཆོག་ལ་ཐུགས་རྗེ་བཀའ་དྲིན་ཆེ་ཞུའི་སྙན་སྒྲོན་ཞུས་ཟིན་རྗེས་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་མི་རིང་བར་་བོད་ལུགས་ཀྱི་ལོ་གསར་འཆར་ལ་ཉེ་བའི་ཡིན་སྟབས་བོད་པ་གཙོ་བོར་གྱུར་པའི་ཧི་མ་ལ་ཡའི་རིགས་རྒྱུད་བོད་རིགས་སྤུན་ཟླ་རྣམས་ལ་ཆེད་དུ་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་ལུགས་ཀྱི་ཚེ་དབང་གནང་བ་རེད། དེ་བཞིན་རྒྱའི་ལོ་གསར་འཆར་ལ་ཉེ་བ་ཡིན་སྟབས་དེ་རིང་ཟླ་སྣང་ཐེབས་རྩ་ཚོགས་པས་གོ་སྒྲིག་གནང་དེ་དགོས་པ་དང་རྒྱུ་མཚན་ལ་བརྟེན་རྒྱ་རིགས་ཀྱི་ཆོས་གྲོགས་རྣམ་པ་གཙོ་བོ་བྱས་ཏེ་ཆོས་འབྲེལ་གནང་རྒྱུ་རེད་ཅེས་བཀའ་སྩལ་འདུག
ཡང་དཔལ་རྒྱལ་བ་ཀརྨ་པ་མཆོག་གིས་དགེ་བཤེས་གླང་རི་ཐར་པས་མཛད་པའི་བློ་སྤྱོང་ཚིག་བརྒྱད་མ་འདི་ནི་གཙོ་བོ་བདག་གཞན་མཉམ་བརྗེའི་ཉམས་ལེན་ཞིག་ཡིན་པ་དང་། དེ་ཡང་དགེ་བཤེས་ཁོང་གིས་ཁ་ཙམ་ཚིག་ཙམ་མིན་པར་ཉམས་ལེན་གནང་བཞག་པ་དེ་ཉིད་སྡོམ་ཚིག་གི་ཚུལ་དུ་གསུངས་གནང་བ་ཞིག་ཡིན་ལ། སྤྱིར་ཆོས་ཉམས་བྱེད་སྐབས། དེ་བཞིན་ལྷག་པར་བློ་སྤྱོང་གི་ཉམས་ལེན་བྱེད་སྐབས་ཚིག་མང་ཉུང་དང་རྒྱས་བསྡུས་ལ་མ་བལྟོས་པར་གཙོ་བོ་གནད་འགག་དེ་ཉིད་གོ་བརྡ་འཕྲོད་པ་ཞིག་བྱེད་དགོས་རྒྱུ་གལ་ཆེ་པོ་ཡིན་ཞེས་སོགས་བཀའ་སྩལ་འདུག
དེའི་སྔོན་གྱི་གཟའ་སྤེན་པ་སྤྱི་ཚེས་༣་ཉིན་གྱི་དགོང་མོར་ཟླ་སྣང་ཐེབས་རྩ་ཚོགས་པས་དཔལ་རྒྱལ་བ་ཀརྨ་པ་མཆོག་སྐུ་མགྲོན་གཙོ་བོར་གདན་འདྲེན་ཐོག་འབྲེལ་ཡོད་ཀྱི་མི་སྣ་གལ་ཆེན་ཁག་དང་ཨ་རིའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་གཙོས་པའི་ཚོགས་སྡེ་ཁག་གི་ལས་ཀྱི་སྣེ་མོ་བཅས་མི་གྲངས་གསུམ་བརྒྱ་ཙམ་ལ་དགོང་དྲོའི་གསོལ་ཚིགས་ཤིག་བཤམས་ཡོད་པ་རེད་འདུག།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎