བོད་ནང་རྒྱལ་དབང་ཀརྨ་པའི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་འདུག

༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་དགུང་གྲངས་༣༨ ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་བོད་ནང་སྔ་ལོ་བཞིན་དགེ་ལས་དང་སྤྱི་ཕན་གྱི་ངོ་བོའི་ཐོག་ནས་སྲུང་བརྩི་ཟབ་རྒྱས་ཞུས་གནང་འདུག
2022.07.02
བོད་ནང་རྒྱལ་དབང་ཀརྨ་པའི་སྐུའི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་འདུག
བོད་ནས་བཏང་འབྱོར།

ཟླ་བ་འདིའི་ཕྱི་ཚེས་ ༣༠ དང་བོད་ཟླ་ ༥ ཚེས་ ༡ ཉིན་༸དཔལ་རྒྱལ་དབང་ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ་མཆོག་བོད་ལུགས་ལྟར་དགུང་གྲངས་༣༨ལ་ཕེབས་པའི་སྐུའི་འཁྲུངས་སྐར་གདན་ས་མཚུར་ཕུ་དགོན་དང་ཁོང་ཉིད་ཀྱི་འཁྲུངས་ཡུལ་ལྷ་ཐོག་། མི་ཉག། ནང་ཆེན་། ཡུན་ནན་བོད་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་གཙོས་པའི་བོད་མདོ་དབུས་ཁམས་གསུམ་གྱི་ཡུལ་ལུང་སོ་སོ་ནས་དུས་གཅིག་ལ་སྲུང་བརྩི་ཞུས་ཡོད་པ་རེད།
དེ་ཡང་མིང་བརྗོད་འདོད་མེད་པའི་བོད་ནང་ལ་འབྲེལ་ཡོད་ཆ་བརྒྱུས་ཡོད་མཁན་ཞིག་གིས་ཕྱི་ཚེས་༢ཉིན་འདི་གར་རླུང་འཕྲིན་ཁང་ལ་བརྗོད་དོན་ལ་ལོ་འགའ་ཤས་སྔོན་ནས་བཟུང་རྒྱལ་དབང་ཀརྨ་པ་མཆོག་གིས་རྒྱུན་དུ་བཀའ་སློབ་ལམ་བསྟོན་གནང་བ་བཞིན་ཁོང་གི་འཁྲུངས་སྐར་སྐབས། ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་ཉེ་འཁོར་གྱི་གད་སྙིག་གཙང་བཟོ་དང་ཤིང་ནགས་འདེབས་འཛུགས་བཅས་ཧ་ཅང་གཞི་རྒྱ་ཆེན་པོ་བཟོ་བཞིན་ཡོད་པ་མ་ཟད། ཚེ་ཐར་སྲོག་བླུ་དང་། དབུལ་ཕོངས་སྦྱིན་གཏང་སོགས་ཀྱི་ལམ་ནས་ཀརྨ་པའི་འཁྲུངས་སྐར་བསུ་བཞིན་ཡོད་ཞེས་གསུངས་སོང་།
དེ་ཡང་ཕྱི་ཚེས་༡ཉིན་བོད་ནང་གི་འབྲེལ་ཡོད་བཀའ་བརྒྱུད་པའི་དགོན་སྡེ་ཁག་དུ་དད་ལྡན་སྐྱ་སེར་ཕོ་མོ་བརྒྱ་ཕྲག་བརྒལ་བའི་ལུས་ལ་ཟབ་ཆོར་སྤྲས་ཤིང་ལག་ཏུ་དཀར་གཙང་མཇལ་དར་འཁྱེར་ནས་རུ་སྒྲིགས་ཀྱིས་སྐུ་པར་གདན་འདྲེན་ཞུས་པ་དང་སྔ་དྲོ་ཆུ་ཚོད་༡ཙམ་རིང་རྒྱལ་བ་ཀརྨ་པའི་ཞབས་བརྟན་སྒྲུབ་པ་དང་ཕྱི་ལུགས་ལྟར་མངར་ཟས་བཏུབ་པའི་མཛད་སྒོ་ཚོགས་ཡོད་པ་བརྙན་པར་དང་བཅས་འདི་གར་རླུང་འཕྲིན་ཁང་ལ་ལག་སོན་བྱུང་ཡོད་།
དམིགས་བསལ་འདི་ལོའི་འཁྲུངས་སྐར་ནི་བོད་ཀྱི་ཡིག་གཟུགས་རིག་གནས་སྲུང་སྐྱོབ་ལ་དམིགས་ནས་ཡིག་གཟུགས་འགྲན་བསྡུར་གྱི་ལས་འགུལ་ཞིག་སྤེལ་ཏེ་འཁྲུངས་སྐར་སྲུང་བརྩི་ཞུས་འདུག ད་རེས་ཀྱི་ཡིག་གཟུགས་འགྲན་བསྡུར་དེའི་ནང་། བོད་ཕྱི་ནང་གཉིས་ནས་ཡིག་གཟུགས་སྒྱུ་རྩལ་པ་སུམ་བརྒྱ་ལྷག་ཙམ་མཉམ་ཞུགས་བྱས་ཡོད་པ་དང་། དེའི་ནང་གི་ཕུལ་བྱུང་ཡིག་གཟུགས་སྒྱུ་རྩལ་པ་སུམ་བཅུ་སོ་གཅིག་ལ་སྒོ་ཁྲི་ཚོ་མང་པོའི་བྱ་དགའ་དང་རྔན་པ་སོགས་སྤྲད་གནང་འདུག  འབྲེལ་ཡོད་གོ་སྒྲིག་པས་གསུངས་པ་ལྟར་ན། དེ་ནི་བོད་མི་རིགས་ཀྱི་ཤེས་ཡོན་པའི་སྡེ་ཁག་ལ་ཆེ་མཐོང་དང་གུས་བཀུར་རྩི་འཇོག་དང་ཡར་སྐུལ་སོགས་ཀྱི་ཆེད་དུ་ཡིན་ཞེས་གསུངས་སོང་།
གོ་སྒྲིག་པས་མུ་མཐུད་དེ་གསུང་རྒྱུར། ཡིག་གཟུགས་འབྲི་རྒྱུའི་ནང་དོན་ཡོད་ཚད་རྒྱལ་དབང་ཀརྨ་པས་བརྩམས་གནང་མཛད་པའི་ཁོར་ཡུག་སྲུང་སྐྱོབ་ལ་ཕན་པའི་ཐབས་ལམ་བརྒྱ་དང་བརྒྱད་ཀྱི་དོན་ཚན་ཁག་ཡིན་ཞིང་། དེ་ནི་ཁ་ཡོད་ལག་ཡོད་ཀྱི་བོད་མི་རིགས་ཀྱི་ཁོར་ཡུག་དང་འཚོ་གནས་ལ་ཕན་པའི་གསུང་ཤ་སྟག་ཡིན་པའི་རྒྱུ་མཚན་གྱིས།ཡིག་གཟུགས་འབྲི་རྒྱུའི་ནང་དོན་དེ་ལྟར་བདམ་པ་ཡིན་ཞེས་གསུངས་སོང་ལ། ད་རེས་ཀྱི་ཡིག་གཟུགས་འགྲན་བསྡུར་འདི་ནི་ད་བར་དུ་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་དེ་ཡིན་པ་མ་ཟད།ཡིག་གཟུགས་འགྲན་བསྡུར་གྱི་ལམ་ནས་འཁྲུངས་སྐར་བསུ་བ་ཐེངས་དང་པོ་ཡིན་ཞེས་གསུངས་སོང་།
གཞན་ཡང་རྒྱ་བལ་འབྲུག་གསུམ་གྱི་བཀའ་བརྒྱུད་པའི་དགོན་སྡེ་ཁག་གིས་ཀྱང་འཁྲུངས་སྐར་ལ་སྲུང་བརྩི་ཟབ་རྒྱས་ཞུས་འདུག་པ་དང་། དྲྭ་གནས་ནས་ཐད་གཏོང་རྒྱུད་རྒྱལ་དབང་ཀརྨ་པ་མཆོག་གིས་དད་ལྡན་མང་ཚོགས་ལ་བཀའ་སློབ་ཕེབས་སྐབས། འདས་པའི་ལོ་ཤས་ནང་ང་རང་ཚོའི་བཙན་བྱོལ་སྤྱི་ཚོགས་ཁྲོད་རྙོག་གླེང་མང་པོ་ཞིག་ཡོང་བཞིན་པ་མ་ཟད། ནང་ཁུལ་མཐུན་སྒྲིལ་མེད་པ་དེ་བློ་ཕམ་གྱི་གནས་སྟངས་ཞིག་ཡིན་དུས། ཚང་མས་བོད་མི་ནང་ཁུལ་འཆམ་མཐུན་དང་། མཐུན་ལམ་རྡོག་རྩ་གཅིག་སྒྲིལ་ཡོང་ཆེད་དགོངས་པ་བཞེས་རྒྱུ་གལ་ཆེ་ཡིན་པ་བཀའ་གནང་ཡོད་པ་རེད།
དེ་བཞིན་ད་ཆ་རྒྱ་གར་དབུས་གཞུང་དང་འབྲས་ལྗོངས་མངའ་སྡེ་གཞུང་ཕྱོགས་ནས་ཁོང་འབྲས་ལྗོངས་སུ་ཕེབས་ཐུབ་ཐབས་སུ་འབད་བརྩོན་གནང་མུས་ཡིན་དུས་ཁོང་རྒྱ་གར་ལ་ཕེབས་ཐུབ་རྒྱུའི་ཐུགས་རེ་གནང་གི་ཡོད་པ་གསུངས་འདུག
གསར་འགོད་པ། ཕྲེང་རི་བསྟན་ནོར།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎