རྒྱ་གར་ཀར་ན་ཊ་ཀ་མངའ་སྡེའི་གཞུང་འཛིན་ཐད་རྩོད་རྙོག


2018.05.17
རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་(Karnataka)མངའ་སྡེའི་ས་ཁྲ། རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་(Karnataka)མངའ་སྡེའི་ས་ཁྲ།
google

རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་(Karnataka)མངའ་སྡེའི་ནང་ཆབ་སྲིད་ཚོགས་པ་སུས་སྲིད་གཞུང་སྐྱོང་དགོས་མིན་ཐོག་རྩོད་རྙོག་ཡོང་གི་ཡོད་འདུག
རྒྱ་གར་གྱི་སྲིད་བློན་མོ་དྷི་(Narendra Modi)མཆོག་གིས་དབུ་ཁྲིད་པའི་ཧིན་རྡུའི་ཆབ་སྲིད་ཚོགས་པ་(BJP)ཡིས་རྒྱ་གར་ལྷོ་ཕྱོགས་ཀྱི་གལ་གནད་ཆེ་བའི་མངའ་སྡེ་ཀར་ན་ཊ་ཀ་(Karnataka)མངའ་སྡེའི་ནང་འོས་བསྡུའི་རྒྱལ་ཁ་ཐོབ་ནས་ཀོང་རེ་སི་སྲིད་གཞུང་མེད་པ་བཟོས་ཐུབ་ཡོད་ཀྱང་ (BJP)ཆབ་སྲིད་ཚོགས་པ་ལའང་གཞུང་འཛིན་ཐུབ་པའི་འོས་ཤོག་གྲངས་འབོར་ལོན་མེད་སྟབས་མངའ་སྡེ་དེའི་ནང་ཆབ་སྲིད་ཚོགས་པ་སུས་སྲིད་གཞུང་སྐྱོང་དགོས་མིན་ཐོག་རྩོད་རྙོག་ཡོང་གི་ཡོད་འདུག  རྒྱ་གར་ནང་གི་བོད་མིའི་གཞིས་ཆགས་ཆེ་ཁག་དང་ཆོས་སྡེ་ཆེ་ཁག་མང་ཆེ་བ་ཀ་ན་ཊ་ཀ་མངའ་སྡེའི་ནང་ཆགས་ཡོད་པ་རེད།
ཕྱི་ཟླ་༥ཚེས་༡༢ཉིན་(Karnataka)མངའ་སྡེའི་གྲོས་ཚོགས་ཀྱི་འོས་བསྡུ་གནང་བར་གྲོས་ཚོགས་ཀྱི་འཐུས་མིའི་ཞབས་སྟེགས་༢༢༤ཡོད་པ་ནས་(BJP)ལ་ཞབས་སྟེགས་༡༠༤ཐོབ་ཡོད་པ་དང་། དེ་ནི་ཚོགས་པ་གཅིག་གིས་སྲིད་གཞུང་འཛིན་ཐུབ་པའི་འཐུས་མིའི་གྲངས་འབོར་ལོན་མེད་ཀྱང་མངའ་སྡེའི་སྲིད་སྐྱོང་སྦ་ཇུ་སྦཡི་སྦ་ལ་(Vajubbai Vala)མཆོག་གིས་(BJP)ཆབ་སྲིད་ཚོགས་པར་སྲིད་གཞུང་གསར་འཛུགས་གནང་དགོས་པའི་བཀོད་ཁྱབ་གནང་བ་བཞིན་གྲོང་ཁྱེར་བྷེང་ལོར་ནང་(BJP)ཆབ་སྲིད་ཚོགས་པའི་འཐུས་མི་ སྦི་ཨེསྀ་ ཡེ་དྷུ་རཔ་པ་(B.S. Yeddyurappa)མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གསར་པར་བསྐོ་བཞག་བྱུང་ནས་དམ་འབུལ་ཞུས་འདུག
མངའ་སྡེའི་འོས་བསྡུའི་ནང་ཀོང་རེ་སི་ཆབ་སྲིད་ཚོགས་པ་དང་། མནའ་འབྲེལ་(Janata Dal)ཆིག་བསྒྲིལ་ཚོགས་པར་ཞབས་སྟེགས་གྲངས་༡༡༧ཐོབ་ཡོད་སྟབས་ ཚོགས་པ་དེ་གཉིས་ཀྱིས་མནའ་འབྲེལ་སྲིད་གཞུང་ཟིན་ཐུབ་པའི་ནུས་པ་ཡོད་ལུགས་བཤད་ནས་མངའ་སྡེའི་སྲིད་སྐྱོང་ཀྱིས་ཐག་གཅོད་དེར་ཁ་གཏད་རྩོད་ལེན་བྱས་ནས་རྒྱ་གར་གྱི་ཆེས་མཐོའི་ཁྲིམས་ཁང་ནང་ཞུ་གཏུགས་བྱས་ཡོད་འདུག
ཆེས་མཐོའི་ཁྲིམས་ཁང་ནས་(BJP)ལ་སྲིད་གཞུང་གསར་འཛུགས་ཀྱི་དམ་འབུལ་ཞུ་རུ་འཇུག་རྒྱུ་དང་། ཀོང་རེ་སི་ཚོགས་པའི་ཞུ་གཏུགས་ལ་རེས་གཟའ་པ་སངས་ཉིན་ཉན་ཞིབ་གནང་རྒྱུའི་ཐག་ཆོད་གནང་འདུག
ཀོང་རེ་སི་ཚོགས་པའི་ཚོགས་གཙོ་ ར་ཧུལ་གྷན་དྷི་(Rahul Gandhi)ལགས་ཀྱིས་(BJP)ཆབ་སྲིད་ཚོགས་པར་མང་མོས་རྒྱབ་སྐྱོར་མེད་བཞིན་དུ་གཞུང་གསར་འཛུགས་བྱས་པ་དེ་ནི་རྒྱ་གར་གྱི་རྩ་ཁྲིམས་ལ་འཕྱ་སྨོད་བྱས་པ་ཞིག་དང་། རྒྱ་གར་གྱི་མང་གཙོར་ཕམ་ཉེས་བྱུང་ནས་མྱ་ངན་བྱེད་དགོས་པའི་དུས་ཤིག་རེད་ཅེས་ཀྲུ་ཀྲར་དྲ་རྒྱའི་ནང་བཀོད་ཡོད་འདུག
BJP སྲིད་གཞུང་གསར་པས་ཉིན་གྲངས་༡༥ནང་ཚུད་ཆབ་སྲིད་ཚོགས་པ་གཞན་གྱི་རྒྱབ་སྐྱོར་འཚོལ་ནས་སྲིད་གཞུང་བཟུང་ཐུབ་པའི་མང་མོས་ཀྱི་རྒྱབ་སྐྱོར་ཡོད་པ་སྟོན་དགོས་པ་དང་། དེ་མིན་ཀོང་རེ་སི་ཆབ་སྲིད་ཚོགས་པ་དང་། མནའ་འབྲེལ་Janata Dalཆིག་བསྒྲིལ་ཚོགས་པར་Karnatakaམངའ་སྡེའི་ནང་མནའ་འབྲེལ་སྲིད་གཞུང་གསར་འཛུགས་བྱ་རྒྱུའི་གོ་སྐབས་ཐོབ་སྲིད་པ་ཡིན་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎