ཀཤི་མིར་དུ་རྒྱལ་སྤྱིའི་གནམ་ཐང་ཞིག་དབུ་འབྱེད་གནང་འདུག
2009.02.14
༄༅༎དྲག་ལས་ཤུགས་ཆེ་ཡོད་པའི་རྒྱ་གར་བྱང་ཕྱོགས་ཀཤི་མིར་མངའ་སྡེའི་ནང་ཡུལ་བསྐོར་སྤྲོ་འཆམ་གྱི་ཚོང་ལས་གོང་འཕེལ་གཏང་ཐབས་སུ་དམིགས་ཏེ་མངའ་སྡེའི་དབྱར་དུས་རྒྱལ་ས་སི་རི་ན་གར་གྲོང་ཁྱེར་གྱི་ནང་སྲུང་སྐྱོབ་ཆེན་པོ་ལྡན་པའི་རྒྱལ་སྤྱིའི་གནམ་ཐང་ཞིག་གཟའ་སྤེན་པའི་ཉིན་དབུ་འབྱེད་གནང་འདུག
ཚ་གློག་དང་གློག་གི་སྐད་འཛེགས་སོགས་ཡོད་པའི་དེང་དུས་ཚད་ལྡན་གྱི་གནམ་ཐང་འདི་བཞིན་རྒྱ་གར་ཀོང་རེ་སི་ཚོགས་པའི་ཚོགས་གཙོ་ལྕམ་སོ་ནི་ཡ་གན་རྡི་མཆོག་ནས་དབུ་འབྱེད་གནང་ཡོད་པ་དང་སྐར་མ་ཁ་ཤས་རྗེས་དབུ་འབྱེད་མཚོན་དོན་གྱི་གནམ་གྲུ་ཐོག་མ་དེ་དཀྱིལ་ཤར་ཡུལ་གྲུ་དྲུ་སྦའེ་ནས་མི་གྲངས་བཅུ་གཉིས་ཡོད་པའི་གནམ་གྲུ་ཞིག་བབས་ཡོད་པ་དང་ལྕམ་གན་རྡི་མཆོག་ནས་འགྲུལ་བསྐྱོད་པ་དེ་དག་ལ་འཚམས་འདྲི་གནང་ཡོད་འདུག
ལྕམ་སོ་ནི་ཡ་གན་རྡི་མཆོག་གིས་དེ་རིང་དུས་སྐབས་འདི་ནི་ང་ཚོ་ཚང་མས་དགའ་སྤྲོ་བྱས་འོས་པ་ཞིག་རེད་ཅེས་དང་གནམ་ཐང་གསར་པ་འདིས་མངའ་ཁུལ་གྱི་ཡུལ་བསྐོར་སྤྲོ་འཆམ་གྱི་ཚོང་ལས་གོང་འཕེལ་དུ་ཕྱིན་ཏེ་མངའ་ཁུལ་མི་དམངས་ཀྱི་འཚོ་བར་ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག།