སྔ་འགྱུར་རྙིང་མའི་དབུ་འཛིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་བལ་ཡུལ་ནས་སྐུ་གཤེགས་འདུག
2018.11.21

སྔ་འགྱུར་རྙིང་མའི་དབུ་འཛིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་དགུང་ལོ་༦༤་སྟེང་གློ་བུར་བལ་ཡུལ་གྱི་གནས་མཆོག་ཡང་ལེ་ཤོད་ནས་སྐུ་གཤེགས་འདུག
ད་ལྟ་རང་བལ་ཡུལ་གྱི་སྔ་འགྱུར་ཀཿཐོག་ཨ་འཛོམ་འོད་གསལ་མདོ་སྔགས་གླིང་གི་གསལ་བསྒྲགས་ཡིག་ཆ་ཞིག་འདི་ག་རླུང་འཕྲིན་ཁང་དུ་འབྱོར་བ་ལྟར་ན། སྔ་འགྱུར་རྙིང་མའི་དབུ་འཛིན་ཀཿཐོག་དགེ་རྩེ་རིན་པོ་ཆེ་འགྱུར་མེད་བསྟན་པ་རྒྱལ་མཚན་མཆོག་གློ་བུར་བལ་ཡུལ་གྱི་གནས་མཆོག་ཡང་ལེ་ཤོད་ནས་དགོངས་པ་རྫོགས་ཡོད་པ་དང་། དེ་ནི་སྤྱི་ཟླ་༡༡་པའི་ཚེས་༡༩་ཉིན་གྱི་ཞོགས་པར་ཞབས་ཏོག་པ་བླ་མ་གོང་འཕེལ་དང་མཉམ་དུ་རིན་པོ་ཆེའི་ཐུགས་དགོངས་བཞིན་རྐང་ལམ་བརྒྱུད་ཞབས་ཐང་ལ་ཕེབས་སྐབས་སུ། གློ་བུར་དུ་ལམ་འཕྲང་མི་བདེ་སར་ཕེབས་པའི་ཕེབས་ལམ་ནས་ཞབས་སྣེ་འདྲེད་པའི་རྐྱེན་བྱས་ཏེ་གློ་བུར་སྐུ་གཤེགས་པ་འཁོད་འདུག
ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་ནི་སྤྱི་ལོ་ ༡༩༥༤ ལོར་མདོ་སྨད་མགོ་ལོག་རྡོ་ཡུལ་མཁར་ནང་གོང་མའི་ལྷ་ཁང་སུམ་མདོ་རུ་ཡབ་བློ་ལྡན་ཕུན་ཚོགས་དང་། ཡུམ་ཆོས་འཕགས་སྒྲོལ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཤར་རྒྱལ་བ་ཀཿཐོག་དགོན་དུ་སྤྱི་ལོ་ ༡༩༨༠ ལོར་ཁྲི་འདོན་མཛད་སྒོ་གནང་ཡོད་འདུག
སྤྱི་ལོ་ ༡༩༩༧ ལོར་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ། སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ། སྐྱབས་རྗེ་གྲུབ་དབང་པད་ནོར་རིན་པོ་ཆེ་སོགས་ཀྱི་མདུན་ནས་དབང་ལུང་གདམས་ངག་མང་པོ་ཞུས་གནང་ཡོད་པ་དང་། གནས་མཆོག་རྡོ་རྗེ་གདན་དུ་ཚོགས་པའི་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༩ པའི་ཐོག དཔལ་རྒྱལ་བ་ཀཿཐོག་པའི་བླ་ཆེན་སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག་རྙིང་མའི་དབུ་འཛིན་ཁྲི་རབས་བདུན་པར་བསྐོ་བཞག་གནང་ཡོད་པ་རེད།
གསར་འགོད་པ་ཀླུ་འབུམ།