བོད་པའི་སྤྱི་ཚོགས་ཁྲོད་དུས་དང་འཚམ་པའི་རྣམ་དཔྱོད་ལྡན་པའི་སྒྱུ་རྩལ་སྣ་མང་ཞིག་མཐོང་རྒྱུ་ཡོད་པ་དེས་མ་འོངས་བོད་དོན་འཐབ་རྩོད་ཐད་ལ་རེ་བ་ཆེན་པོ་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་གསུངས་པ།
ཟླ་ ༡༡ ཚེས་ ༡ ཉིན་བཞུགས་སྒར་མེག་གྷན་ཁྲོམ་གཞུང་དུ་རྟེན་གཞི་བྱས་པའི་ Buddha’s Abode རུ་ཁ་དོག་ཅེས་པའི་བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་ཀྱིས་གོ་སྒྲིག་འོག ངེས་མེད་ (Unsettled) ཞེས་པའི་བརྗོད་གཞིའི་ཐོག་ལོ་འཁོར་མའི་སྒྱུ་རྩལ་འགྲེམས་སྟོན་དེ་ཞིན་དབུ་འཛུགས་ཞུས་ཡོད་པ་དང་། སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཆེད་ཕེབས་ཀྱིས། སྒྱུ་རྩལ་འགྲེམས་སྟོན་འདིའི་བརྒྱུད་བོད་པའི་སྤྱི་ཚོགས་ཁྲོད་དུས་དང་འཚམ་པའི་རྣམ་དཔྱོད་སྣ་མང་ཞིག་མཐོང་རྒྱུ་ཡོད་པ་དེས་མ་འོངས་པ་བོད་དོན་འཐབ་རྩོད་ཐད་ལ་རེ་བ་ཆེན་པོ་ཡོད་པ་གསུངས་སོང་།

ཐེངས་འདིའི་སྒྱུ་རྩལ་འགྲེམས་སྟོན་དེའི་ནང་འཛམ་གླིང་ས་ཕྱོགས་གང་སར་གནས་སྡོད་བོད་པའི་སྒྱུ་རྩལ་བ་ཁྱོན་ ༢༠ ནས་མཉམ་ཞུགས་གནང་ཡོད་པ་དང་། འདི་ག་གསར་འགོད་པས་སྒྱུ་རྩལ་བ་ཁག་གཅིག་ལ་རང་ཉིད་ཀྱི་སྒྱུ་རྩལ་སྐོར་བཀའ་འདྲི་ཞུས་པར། རྡ་ས་གནས་སྡོད་སྒྱུ་རྩལ་བ་ཆོས་ཉིད་སྒྲོལ་མ་ལགས་ནས་རང་ཉིད་ཀྱི་སྒྱུ་རྩལ་དེ་བཞིན་ཚོར་བ་དང་བསམ་ཚུལ་མང་དག་ཅིག་ལས་བསྒྲུབས་པ་ཞིག་ཡིན་པ་འགྲེལ་བརྗོད་གནང་གི་འདུག་ལ། བལ་ཡུལ་གནས་སྡོད་སྒྱུ་རྩལ་བ་ཤེས་རབ་ལགས་ནས་གསུངས་ན། ཁོང་གིས་བྲིས་པའི་རི་མོ་ཚང་མའི་ནང་ནས་ཚ་ལུ་མའི་བུ་མོ་ཞེས་པའི་རི་མོ་དེ་ནི་ཁོང་དང་སེམས་ཐག་ཉེ་ཤོས་ཀྱི་རི་མོ་ཞིག་ཡིན་སྐོར་འགྲེལ་བརྗོད་གནང་གི་འདུག ཡང་བསྟན་འཛིན་སྨིན་ལེགས་ལགས་ཀྱིས་གསུངས་ན། ཁོང་གི་རི་མོ་ནི་དེ་སྔ་ ༢༠༢༠ ལོའི་ནང་རྒྱ་ནག་གཞུང་གིས་སྟངས་འཛིན་མེད་པའི་དབང་གིས་ཏོག་དབྱིབས་རིམས་ནད་དེ་བཞིན་འཛམ་གླིང་ཁྱོན་ཡོངས་སུ་ཁྱབ་སྤེལ་གྱིས་གནོད་འཚེ་ཆེན་པོ་བྱུང་ཡོད་སྐོར་དང་འབྲེལ་བ་ཞིག་ཡིན་སྐོར་གསུངས་ཀྱི་འདུག

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ཀྱི་འཐུས་མི་བཀྲ་ཤིས་ཉི་མ་ལགས་ཀྱིས། བཞུགས་སྒར་དུ་སྒྱུ་རྩལ་བ་ལྷན་འཛོམས་ཐོག་སྒྱུ་རྩལ་འགྲེམས་སྟོན་གོ་སྒྲིག་ཞུས་པ་དེས། བོད་ཀྱི་སྒྱུ་རྩལ་གྱི་གནས་བབ་ཡར་རྒྱས་ཐད་ཕན་ཐོགས་ཆེན་པོ་བྱུང་གི་ཡོད་པ་དང་། ཐེངས་འདའི་འགྲེམས་སྟོན་ཁྲོད་སྒྱུ་རྩལ་བ་གྲངས་ ༢༠ ཡི་སྒྱུ་རྩལ་མི་འདྲ་བ་ལྔ་བཅུ་ལྷག་ཡོད་པས་མ་འོངས་སྒྱུ་རྩལ་བ་དེ་དག་ནས་བོད་པའི་གཞོན་སྐྱེས་ཙམ་དུ་མ་ཟད་མི་རབས་རྒན་པ་རྣམས་ལ་རི་མོའི་ཟབ་སྦྱོང་གང་མང་སྤེལ་ཐབས་གནང་རྒྱུའི་དམིགས་ཡུལ་ཡོད་སྐོར་འགྲེལ་བརྗོད་གནང་གི་འདུག
རྩ་བའི་ཁ་དོག་རི་མོའི་སྒྱུ་རྩལ་མཐུན་ཚོགས་དེ་བཞིན་ ༢༠༢༣ ལོའི་ཟླ་ ༨ པའི་ནང་དབུ་འཛུགས་གནང་ཡོད་ཅིང་། ཐེངས་འདིར་ཁོང་རྣམས་ནས་བཞུགས་སྒར་དུ་ལོ་འཁོར་སྒྱུ་རྩལ་འགྲེམས་སྟོན་གནང་བ་དེ་བཞིན་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་འདུག་ལ། ཐེངས་འདིའི་ཁ་དོག་སྒྱུ་རྩལ་འགྲེམས་སྟོན་དེ་ཞིན་ཟླ་ ༡༡ ཚེས་ ༡ ནས་ ༡༦ བཅས་ཉིན་གྲངས་ ༡༦ རིང་འཚོག་རྒྱུ་ཡིན་པ་རེད་འདུག
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།