རྒྱ་ནག་བྱ་སྤྱོད་ལ་ངོ་རྒོལ་ཆེད་ཁང་པའི་སྒང་ནས་མཆོངས་འདུག
2012.09.26
འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ༢༠༡༠ལོར་བོད་ཡུལ་ཤུལ་ཁུལ་དུ་ས་འགུལ་ཆེན་མོའི་གནོད་འཚེ་བྱུང་ནས་བཟུང་རྒྱལ་ཁབ་གོང་འོག་རིམ་པས་དུས་ནམ་ཡང་གནོད་ཐེབས་དམངས་ཚོགས་ཀྱི་འདོད་བློ་ཁེངས་པའི་བྱ་འགུལ་སྤེལ་མ་མྱོང་བ་དང་། དེའི་ཐོག་ཡུལ་ཤུལ་བསྐྱར་འཛུགས་ལ་ཁ་གཡར་ནས་ས་ཁྱོན་བརྒྱ་ཆ་ལྔ་བཅུ་ཡན་གཞུང་བཞེས་བཏང་བ་དང་། ལྷག་དོན་ས་ཆ་བཟང་ཤོས་གསུམ་མདོ་དང་། ལམ་ཟུར་གྲོང་དཀྱིལ་ཡོངས་རྫོགས་ནས་འབངས་མིའི་བདག་ཏུ་ཡོད་པའི་ས་ཁང་ལ་ས་གནས་ཁྲོམ་རའི་གོང་ཚད་ལས་ལྡབ་བཅུ་འགྱུར་གྱིས་ཆུང་བའི་གུན་གསབ་སྤྲད་དེ་བཙན་གྱིས་ལེན་བཞིན་པར་། ཚེས་༢༤ཉིན་གྱི་ཞོགས་པ་ཁུལ་དེར་ཡོད་པའི་ནང་ཆེན་བཀྲ་ཤིས་ཀྱི་མགྲོན་ཁང་ཐོག་བརྩེགས་ལྔ་ཅན་ཞིག་ཡོད་པ་ས་གནས་འབྲེལ་ཡོད་ཚན་པས་བཙན་བཤིག་བྱེད་སྐབས་བཀྲ་ཤིས་ཀྱི་བཟའ་ཟླ་བོད་བདེ་ཁོང་སེམས་ནས་མ་བཟོད་པ་དང་། ས་གནས་རྒྱ་ནག་གི་བྱ་སྤྱོད་ལ་མི་འདོད་ངོ་རྒོལ་མཚོན་བྱེད་ཁང་པའི་ཡང་སྟེང་ནས་མཆོངས་ཏེ་སྨན་ཁང་ལ་ཛ་དྲག་མྱུར་སྐྱོབ་བྱེད་བཞིན་པ་དང་། སྐབས་དེར་ཕྱི་ནས་དམག་མི་དང་། ཉེན་རྟོག་པས་མུ་མཐུད་ཡོངས་སུ་སྐོར་ནས་ཡོད་པ་དངོས་སུ་མཐོང་བའི་སྐོར་བརྗོད་འདུག