༸གོང་ས་མཆོག་གིས། ཁང་སེར་མཆོག་སྤྲུལ་རིན་པོ་ཆེ་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་བསྐོ་བཞག་མཛད་འདུག

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། སེར་བྱེས་ཁང་སེར་མཆོག་སྤྲུལ་རིན་པོ་ཆེ་མཆོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་བསྐོ་བཞག་བཀའ་དྲིན་སྩལ་བར་ལྟར། འདི་ཚེས་༡༥ཉིན་གྱི་སྔ་དྲོ་གྲྭ་ཚང་དེ་ཉིད་ཀྱི་བླ་མ་དབུ་མཛད་ཀྱི་ཁྲི་འདོན་མངའ་གསོལ་གྱི་རྟེན་འབྲེལ་མཛད་སྒོ་ཚོགས་འདུག་ཅིང་། མགོན་པོ་གང་ཉིད་མཆོག་གིས་སྩལ་བའི་བཀའ་ཡིག་ནང་། རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་དང་རྒྱུད་སྟོད་གྲྭ་ཚང་བཅས་ནས་ཞུ་ཡིག་འབྱོར་བར། ཟུར་འཁོད་མིང་གཞུང་དུ་ཁྲི་རིན་པོ་ཆེ་དང་ཤར་པ་ཆོས་རྗེ་གཉིས་ནས་མཚན་རྟགས་གནང་བ་ལྟར་ཧར་གདོང་དགེ་བཤེས་ཁང་སེར་སྤྲུལ་སྐུ། དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དུ་བསྐོ་བཞག་བྱ་འཐུས་ཞེས་འཁོད་འདུག
ཁང་སེར་མཆོག་སྤྲུལ་རིན་པོ་ཆེ་བསྟན་འཛིན་ཚུལ་ཁྲིམས་དཔལ་ལྡན་དཔལ་བཟང་པོ་མཆོག་ནི། བལ་ཡུལ་དུ་འཁྲུངས་ཤིང་། ༡༩༩༤ ལོར་རྒྱ་གར་ལྷོ་ཕྱོགས་སུ་རྟེན་གཞི་བྱས་པའི་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ནང་པའི་གཞུང་ལུགས་ལ་སློབ་གཉེར་གནང་འགོ་བཙུགས་ཏེ། ༢༠༠༢ ལོར་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་འདུག་པ་དང་། འདི་ལྟ་བུའི་དུས་སྐབས་ཤིག་ལ་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་ཀྱི་ཐུགས་འགན་བཞེས་རྒྱུ་བྱུང་བ་ནི་སྐལ་བ་བཟང་པོ་ཡིན་པ་གསུང་གི་འདུག
བོད་མིའི་རྣམས་བཙན་བྱོལ་དུ་འབྱོར་བའི་རྗེས། ༸གོང་ས་༸སྐྱབས་མགོན་༸སྐུ་ཕྲེང་༡༤པ་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག འདས་པའི་མི་ལོ་༦༠ལྷག་གི་རིང་བོད་བརྒྱུད་ནང་བསྟན་འཛམ་གླིང་གི་ས་ཕྱོགས་གང་སར་དར་རྒྱས་སུ་ཕྱིན་ཡོད་པ་མ་ཟད། དེ་ནི་དད་པ་གཅིག་པུ་ལ་བརྟེན་པའི་ཆོས་ལུགས་ཤིག་མ་ཡིན་པར། རིག་པའི་ལམ་ནས་དཔྱད་པ་བྱེད་རྒྱུ་ཡོད་པའི་ཚན་རིག་དང་འབྲེལ་ཡོད་པའི་ཆོས་ལུགས་ཤིག་ཡིན་པ་མངོན་གསལ་དོད་དུ་འགྲོ་མུས་ཡིན་ལ། ནུབ་ཕྱོགས་ཀྱི་ཚན་རིག་པ་དང་ཚོགས་སྡེ་ཁག་ནས་དམིགས་བསལ་དོ་སྣང་བྱེད་ཀྱི་ཡོད། དཔེར་ན། ༸གོང་ས་མཆོག་གིས། ཉེ་ལམ་གསར་དུ་བསྐོ་བཞག་མཛད་པའི་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་སེར་བྱེས་ཁང་སེར་མཆོག་སྤྲུལ་རིན་པོ་ཆེས། ཐུགས་འགན་གཙོ་བོ་བཞེས་ཏེ། ཨ་མི་རི་ཀའི་ནང་དུ་། ནང་ཆོས་དང་དེང་གི་ཚན་རིག་གཉིས་ཟུང་འབྲེལ་གྱིས། འགྲོ་བ་མིའི་ནད་འགོག་Immune Systemགི་ནུས་པ་གོང་འཕེལ་ཡོང་ཆེད་ལས་གཞི་ཞིག་སྤེལ་མུས་ཡིན་འདུག
སེར་བྱེས་ཁང་སེར་མཆོག་སྤྲུལ་རིན་པོ་ཆེ་ནི་ད་བར་ཨ་རི་གཙོས་པའི་ཡོ་རོབ་རྒྱལ་ཁབ་ཁག་དང་། སོག་པོ། སིང་གྷ་པུར། ཐའེ་ཝན། མ་ལེ་ཨེ་ཤི་ཡ། ཉི་ཧོང་སོགས་ནང་ཕྱོགས་ཕེབས་ཀྱིས་ནང་ཆོས་ངོ་སྤྲོད་ལ་སོགས་པའི་ཆོས་ཕྱོགས་ཀྱི་མཛད་འཕྲིན་མང་དག་ཅིག་བསྐྱངས་འདུག་ལ། ཁོང་གིས། ནང་ཆོས་ནི་སེམས་ཁམས་བདེ་ཐང་ཙམ་མིན་པར། སྟོང་ཉིད་དང་སྒོམ་སྒྲུབ་ཉམས་ལེན་བྱེད་པའི་བརྒྱུད་འགྲོ་བ་མིའི་ལུས་པོའི་གནད་འགོག་གི་ནུས་སྟོབས་ཡར་རྒྱས་འགྲོ་མུས་ཡིན་པ་ངོས་འཛིན་གནང་གི་འདུག
གཞན་ཡང་ཁང་སེར་མཆོག་སྤྲུལ་རིན་པོ་ཆེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཀྱི་བླ་མ་དབུ་མཛད་ཀྱི་ལས་ཁུར་དུས་ཡུན་དེ་བཞིན་ལོ་གསུམ་ཡིན་འདུག་ཅིང་། ད་ལྟའི་ཆར་གྲྭ་ཚང་དེ་ཉིད་ནང་དུ་མདོ་སྔགས་གཞུང་ལུགས་སོགས་ལ་སློབ་གཉེར་གནང་མཁན་དགེ་འདུན་པ་༤༧༠ཙམ་ཞིག་ཡོད་འདུག་པ་དང་། རིན་པོ་ཆེའི་ཁྲི་འདོན་མཛད་སྒོའི་ཐོག བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་དྲུང་འཕར་དང་། མཚུལ་ཕུ་བྲ་བྲང་གི་སྐུ་ཚབ་སོགས་ལྷན་ཞུགས་གནང་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།