བོད་དོན་ལས་ཀ་བྱེད་དགོས།
2013.05.28

༄༅། །བོད་མདོ་སྨད་ཀིརྟི་དགོན་གྱི་དབུ་བླ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་རྒྱ་གར་བྱང་ཤར་རྡོར་གླིང་ཁུལ་གྱི་བོད་མི་རྣམས་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་འབྲེལ་བའི་ཆབ་སྲིད་ལམ་སྟོན་གྱི་བཀའ་སློབ་གནང་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་གནས་ཚུལ་སྤེལ་འདུག དེ་ཡང་རྡོར་གླིང་བོད་མིའི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག ཁ་སང་ཕྱི་ཟླ་ ༥ ཚེས་ ༢༧ ཉིན་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་སྤྱི་དང་ལྷག་པར་དུ་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་གྲངས་འབོར་ཧ་ཅང་མཐོ་པོར་སླེབས་པ་སོགས་དངོས་ཡོད་ཀྱི་གནས་ཚུལ་ངོ་སྤྲོད་གནང་ཞིང་། བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་ད་ལྟའི་བོད་ནང་གི་གནས་སྟངས་ཡིད་བཅངས་ཀྱིས་བོད་མི་མི་རེ་ངོ་རེས་བོད་དོན་ཐོག་འགན་འཁུར་ལྡན་པའི་ལས་ཀ་བྱེད་དགོས་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་བཞིན་བསྒྲུབ་དགོས་པ། བོད་མིའི་སྐད་ཡིག་བདག་གཅེས་བྱེད་རྒྱུ་གལ་ཆེ་ཡིན་པ་སོགས་ཀྱི་སྐོར་བཀའ་སློབ་གནང་འདུག། དམིགས་བསལ་ཀ་རྡོར་སྒང་གསུམ་ས་ཁུལ་གྱི་ནང་ཚར་ལོངས་བྱུང་བའི་བོད་ཕྲུག་རྣམས་བོད་སྐད་རྒྱག་རྒྱུར་དཀའ་ངལ་ཡོད་པར་བརྟེན། ཕ་མའི་ངོས་ནས་སོ་སོའི་ཁྱིམ་ནང་ངེས་པར་བོད་སྐད་རྒྱག་དགོས་པའི་ལམ་སྟོན་དང་འབོད་སྐུལ་གནང་འདུག།