མཛོད་དགེ་རྫོང་དུ་རང་ལུས་མེར་སྲེག
2013.03.17

༄༅༎ཕྱི་ཟླ་༣ཚེས་༡༣དགོང་མོ་བོད་ནང་གི་ཆུ་ཚོད་༡༡དང་ཕྱེད་ཀའི་སྟེང་།དེང་སང་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་ཁོངས་སུ་ཆ་བགོས་བྱས་ཡོད་པ།མདོ་སྨད་མཛོད་དགེ་རྫོང་གི་ལྟེ་བའི་གྲོང་ཁྱེར་སྟག་ཚ་གྲོང་བརྡལ་དུ་བུད་མེད་དཀོན་མཆོག་དབང་མོ་ཟེར་བས་རང་ལུས་མེར་སྲེག་བྱས་ཏེ།རྒྱ་ནག་གཞུང་གི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་བྱས་ནས་དེ་གར་འདས་གྲོངས་སུ་གྱུར་ཡོད་ནའང་།འབྲེལ་ཡོད་མཛོད་དགེ་རྫོང་གི་ཉེན་རྟོག་པ་སོགས་ཀྱིས་ཕུང་པོ་བཙན་ཁྱེར་བྱས་ཏེ།ཉི་མ་དེའི་ཕྱིར་ཉིན་ཁོང་གི་བཟའ་ཟླ་སྒྲོལ་མ་སྐྱབས་ལ་རུས་ཐལ་ཅིག་ཉེན་རྟོག་པས་ཕྱིར་སྤྲོད་བྱས་པ་དང་འབྲེལ།རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་བྱེད་ཚོས་དཀོན་མཆོག་དབང་མོས་རང་ལུས་མེར་སྲེག་གཏོང་དོན་ནི།བཟའ་ཚང་ཕན་ཚུན་གྱི་དཀའ་རྙོག་ལ་བརྟེན་ནས་བྱུང་བ་བརྗོད་དགོས་ལུགས་བཙན་བཀའ་བཏང་བ།སྒྲོལ་མ་སྐྱབས་ཀྱིས་ངོས་ལེན་མ་བྱས་སྟབས་ད་ཆ་དཀོན་མཆོག་དབང་མོའི་བཟའ་ཟླ་སྒྲོལ་མ་སྐྱབས་ལགས་མཛོད་དགེའི་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་སོགས།འབྲེལ་ཡོད་མཛོད་དགེའི་ལེགས་བཤད་ལ་ཁུངས་ལྡན་གནས་ཚུལ་འབྱོར་བ་སོང༌།
དེ་ལྟར་རང་ལུས་མེར་སྲེག་པ་དཀོན་མཆོག་དབང་མོ་ལགས་ནི་ཕ་ཡུལ་མཛོད་དགེ་རྫོང་སྟག་ཚ་མཐའ་བ་ནས་ཡིན་པ་དང་།ཁོ་མོར་ད་ཆ་ཤུལ་དུ་བུ་མོ་ཆུང་ཆུང་ལོ་བརྒྱད་ལོན་པ་ཅིག་དང་བཟའ་ཟླ་སྒྲོལ་མ་སྐྱབས་གཉིས་ཡོད་ཅིང་།ཁོ་མོ་ད་ལྟ་རང་ལོ་༣༠ཐམ་དང་བཟའ་ཟླ་སྒྲོལ་མ་སྐྱབས་རང་ལོ་༣༡།དེ་བཞིན་སྒྲོལ་མ་སྐྱབས་ཀྱི་ཕ་ཡུལ་མཛོད་དགེ་བྱམས་མེ་ཕྱུགས་རྭ་སྡེ་བ་ནས་ཡིན་པ་རེད་ལ།ཁོ་མོ་ནི་མཛོད་དགེ་རྫོང་ཁོངས་སུ་བྱུང་བའི་རང་ལུས་མེར་སྲེག་ཐེངས་མ་བདུན་པ་དེ་རེད་འདུག།