ལྷོ་བྱང་ཀོ་རི་ཡའི་དམག་དོན་གྲོས་མོལ་སྐོར།
2011.02.09
༄༅༎ཀོ་རི་ཡ་ལྷོ་བྱང་གཉིས་དབར་དམག་དོན་གྱི་གྲོས་མོལ་ལ་ལམ་ལྷོང་བྱུང་མེད་པའི་སྐོར་ལྷོ་ཀོ་རི་ཡའི་ཆིག་བསྒྲིལ་ལྷན་ཁང་གི་དཔོན་རིགས་ཤིག་གིས་དེ་རིང་གསུང་བཞག།
ཀོ་རི་ཡ་ལྷོ་བྱང་གཉིས་དབར་གྲོས་མོལ་བྱ་རྒྱུར་ཕྱོགས་གཉིས་ཀས་འདོད་པ་བྱས་ཡོད་པ་བཞིན།དངོས་གཞི་བྱས་ན་ལོ་གསར་པ་ཤར་པ་ནས་བཟུང་ཀོ་རི་ཡ་ཕྱེད་གླིང་ནང་འཐེན་འཁྱེར་ཆུང་དུ་ཕྱིན་ཡོད་པ་དང། འདས་པའི་ལོ་གཉིས་ནང་ཀོ་རི་ཡ་བྱང་མས་ལྷོ་ཀོ་རི་ཡའི་ཐོག་གཏོར་རྒོལ་བཏང་བའི་གནད་དོན་དང༌། རྡུལ་ཕྲན་སྐོར་གྱི་གྲོས་མོལ་ལ་དོན་འབྲས་མ་སོན་པ་བཅས་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་བར་དོ་ཕོག་ཐེབས་པ་དེ་དག་ལོ་གསར་པ་འདིའི་ནང་ཕན་ཚུན་གཉིས་དབར་གྱི་འབྲེལ་བ་སླར་གསོ་ཐུབ་པའི་རེ་བ་བཟང་དུ་ཕྱིན་ཡོད་པ་རེད། འོན་ཀྱང་ཀོ་རི་ཡ་ཕྱོགས་གཉིས་ཀྱི་དམག་དོན་དཔོན་རིགས་དབར་ཉིན་གཉིས་རིང་གྲོས་མོལ་བྱས་པར་དོན་འབྲས་སོན་མེད་པ་རེད།
སྔ་ལོ་ཕྱི་ཟླ་༡༡པའི་ནང་བྱངཀོ་རི་ཡས་ལྷོ་ཀོ་རི་ཡའི་ལྷོ་ཕྱོགས་གླིང་ཕྲན་ཡིའོན་པིཡོང་ཐོག་གཏོར་རྒོལ་བཏང་བའི་རྗེས་ཀྱི་ཕྱོགས་གཉིས་དབར་གྱི་གྲོས་མོལ་ལ་ལམ་ལྷོང་ཡོང་རྒྱུ་ཕར་བཞག། ཐེངས་རྗེས་མའི་གྲོས་མོལ་མཇུག་འཁྱོངས་ག་དུས་བྱ་མིན་གྱི་ཚེས་གྲངས་ཙམ་ཡང་གཏན་འཁེལ་བྱེད་ཐུབ་མེད་སྐོར་ལྷོ་ཀོ་རི་ཡའི་འབྲེལ་ཡོད་དཔོན་རིགས་ཀྱིས་རུ་ཡེ་ཊར་གསར་ལས་ཁང་ལ་འགྲེལ་བརྗོད་གནང་བཞག། དེ་བཞིན་ལྷོ་ཀོ་རི་ཡའི་རྒྱལ་སྲུང་དྲུང་ཆེ་ཀིམ་མིན་སོཀ་ཡིས་ བྱང་ཀོ་རི་ཡའི་སྐུ་ཚབ་ཀྱིས་ཚོགས་འདུ་ཚུགས་བཞིན་པའི་སྐབས་རང་འཚམ་ཕྱིར་ཐོན་བྱས་ཡོད་སྐོར་གསུང་པ་ཡོན་ཧབ་གསར་ལས་ཁང་གིས་ལུང་འདྲེན་བྱས་འདུག།