ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པ་སྐུ་གཤེཌ་པར་མྱ་ངན་གུས་བཏུད།
2009.08.19
༄༅༎ལྷོ་ཀོ་རི་ཡའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཀིམ་ཌེ་ཇུང་ཉེ་ཆར་གློ་ཚད་ཀྱི་ནད་གཞི་སྙུང་མནར་གྱིས་རེས་གཟའ་མིག་དམར་ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྱི་སྨན་ཁང་དུ་དགོངས་པ་རྫོགས་པར་བརྟེན་དེ་རིང་རེས་གཟའ་ལྷག་པའི་ཉིན་ཀོ་རི་ཡའི་མི་དམངས་ཚོས་ཁོང་ནི་དམངས་གཙོ་རྩོད་ལེན་གནང་མཁན་གྱི་དཔའ་བོ་ཡིན་པ་ངོས་འཛིན་གྱིས་མཐའ་མའི་མྱ་ངན་གྱི་གུས་བཏུད་ཞུ་བཞིན་ཡོད་པ་རེད།
སྲིད་འཛིན་ཟུར་པ་སྐུ་ཞབས་ཀིམ་ཌེ་ཇུང་ནི་རྒྱལ་ཁབ་དམངས་གཙོ་སྐྲུན་ཐབས་དང་འགྲོ་བ་མིའི་ཐོབ་ཐང་།ཞི་བདེ་སྐྲུན་ཐབས་ལ་དེ་སྔ་དུས་ཡུན་རིང་པོ་ནས་འཐབ་རྩོད་གནང་མཁན་ཞིག་དང་དེ་སྔའི་ལྷོ་ཀོ་རི་ཡའི་རྒྱལ་ཁབ་དེ་ནི་དབང་ཆ་གཅིག་སྡུད་ཀྱི་སྲིད་དབང་སྒེར་འཛིན་གྱིས་གཞུང་འཛིན་བྱེད་པའི་སྐབས་ཕྱི་ལོ་༡༩༨༠འི་ནང་ལ་ཁོང་གིས་དམངས་གཙོའི་ལྟ་གྲུབ་དེའི་ཐོག་ནས་ཁོང་ལ་སྲོག་ཐོག་གི་ཉེས་ཆད་བཏང་བའི་ལོ་རྒྱུས་བྱུང་ཡོད་ཅིང་ལྷག་པར་དུ་ལྷོ་བྱང་ཀོ་རི་ཡ་གཉིས་བར་ལ་འགྲིག་འཇགས་ཡོང་ཐབས་ལ་འབད་བརྩོན་གནང་མཁན་ཞིག་དང་དེ་སྔ་ཀོ་རི་ཡའི་དམག་འཁྲུག་སྐབས་ལྷོ་བྱང་ཀོ་རི་ཡ་དུམ་བུར་ཕྱིན་པའི་རྗེས་ཕྱོགས་གཉིས་ཀྱི་འབྲེལ་ལམ་མེད་པ་མ་ཟད་དབུ་ཁྲིད་མཇལ་འཕྲད་བྱུང་མྱོང་མེད་ཀྱང་ཁོང་གིས་ཕྱི་ལོ་༡༩༩༨ནས་༡༠༠༣བར་ལ་ལྷོ་ཀོ་རི་ཡའི་སྲིད་འཛིན་གནང་བའི་སྐབས་ཕྱི་ལོ་ཉིས་སྟོང་ལོར་བྱང་ཀོ་རི་ཡར་ཐེངས་དང་པོ་ལོ་རྒྱུས་ཀྱི་འཚམས་འདྲིར་ཕེབས་ཐུབ་པ་མ་ཟད་བྱང་ཀོ་རི་ཡའི་དབུ་ཁྲིད་ཀིམ་ཇོང་ཨིལ་དང་མཇལ་འཕྲད་གནང་བ་སོགས་ལྷོ་བྱང་ཀོ་རི་ཡའི་ལོ་རྒྱུས་ནང་བྱུང་མྱོང་མེད་པའི་མཛད་རྗེས་དང་ཟིན་ཐོ་གསར་པ་ཞིག་བཞག་གནང་ཡོད་པ་དང་དེའི་རྗེས་སུ་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་ནོ་བེལ་ཞི་བདེའི་གཟེངས་རྟགས་ཀྱང་བཞེས་ཡོད་པ་རེད། སྐུ་ཞབས་ཀིམ་ཌེ་ཇུང་ཁ་ས་དགོངས་པ་རྫོགས་པའི་སྐབས་ལ་དགུང་ལོ་༨༥ཕེབས་ཡོད་པ་དང་དེ་རིང་ཀོ་རི་ཡའི་མི་དམངས་ཚོས་ཁོང་དགོངས་པ་རྫོགས་ཡུལ་རྒྱལ་ས་སོལ་གྱི་སྨན་ཁང་མདུན་དང་ཁྲོམ་ར།གྲོང་ཁྱེར་གྱི་ཚོགས་ཁང་ཕྱི་ཕྱོགས་སུ་མྱ་ངན་དུ་གུས་བཏུད་ཞུ་བར་ཡོང་མཁན་གྱི་མི་ཚོགས་ཆེ་བ་དང་ཁོང་གི་སྐུ་པར་མདུན་དུ་དྲི་ཞིམ་དུག་སྤོས་དང་མེ་ཏོག་ཕུལ་ཏེ་རང་ལུགས་ཀྱི་མྱ་ངན་གུས་བཏུད་དང་སྨོན་ལམ་འདེབས་བཞིན་ཡོད་པ་རེད།