རྒྱ་ནག་གཞུང་གིས་ཐེ་བོ་བཀྲ་ཤིས་དགོན་པའི་དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་འཛིན་བཟུང་བཙན་ཁྲིད་བྱས་འདུག

ཉེ་སྔོན་ཕྱི་ཟླ་༡༠ཟླ་མཇུག་ནང་ད་ལྟའི་ཆར་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་གཡི་པ་ཡུལ་ཚོའི་བཀྲ་ཤིས་དགོན་པའི་དགེ་འདུན་པ་དང་། དེ་སྔ་བཙན་བྱོལ་ནང་ཕེབས་ཏེ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་དུ་སློབ་གཉེར་གནང་མྱོང་མཁན་དཀོན་མཆོག་གྲགས་པ་ལགས། རྒྱ་ནག་གཞུང་གི་འབྲེལ་ཡོད་ཚན་པས་འཛིན་བཟུང་བཙན་འཁྲིད་ཀྱིས། ད་ལྟའི་ཆར་གར་སོང་གང་ཁྲིད་ཀྱི་ཞིབ་ཕྲའི་གནས་སྟངས་གསལ་ཁ་མེད་པ་ལྷག་ཡོད་པ་དང་། ཁོང་དེ་སྔ་བཙན་བྱོལ་དུ་ཕེབས་མྱོང་བས་རྒྱ་ནག་ནག་གཞུང་གིས་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་དེ་སྔ་ནས་བཀག་ཉར་དང་འདྲི་རྩད་བྱས་མྱོང་ཡོད་པ་དང་། ཐེངས་འདིར་འཛིན་བཟུང་བྱེད་དོན་གཙོ་བོ་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་དོགས་གཞིའི་རྐྱེན་གྱིས་ཡིན་པ།བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་བོད་མི་གཉིས་ནས་འགྲེལ་བརྗོད་གནང་བྱུང་།
ཕ་ཡུལ་གྱི་ཡུལ་མི་སོགས་ཀྱི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། དེ་སྔ་ནས་རྒྱ་ནག་གཞུང་གིས་ཁོང་ལ་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་དོགས་གཞིའི་འོག་འདྲི་རྩད་བཀག་ཉར་དང་སུན་བཙེར་གྱི་གནས་སྟངས་བྱུང་མྱོང་ཡོད་པ་རེད་ལ། ཉེ་སྔོན་ཁོང་འཛིན་བཟུང་མ་བྱས་པའི་སྔོན་དེར་དཀའ་ངལ་འཕྲད་ཡོང་གི་ཡོད་པའི་གནས་ཚུལ་ཅུང་ཙམ་ཤེས་རྟོགས་བྱུང་བ་ལས། ད་ལྟའི་ཆར་ཁོང་འཛིན་བཟུང་བྱེད་མཁན་རྒྱ་ནག་གཞུང་འབྲེལ་ཉེན་རྟོག་པ་ཡིན་དང་གསང་བའི་མི་སྣ་ཡིན་པ་ཤེས་རྟོགས་མེད་པ་དང་། གཞན་ཡང་ས་གནས་གང་ཞིག་ཏུ་ཁྲིད་ཡོད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་གང་ཡང་མེད་སྐོར་བརྗོད་བྱུང་།
དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་ནས་བཞུགས་སྒར་དུ་རྟེན་གཞི་བྱས་པའི་ཀིརྟི་བྱེས་པ་གྲྭ་ཚང་དུ་ལོ་མང་རིང་སློབ་གཉེར་གནང་སྟེ་སློབ་མཐར་ཕྱིན་རྗེས། ལོ་ངོ་༥ཙམ་རིང་ཀིརྟི་བྱེས་པ་གྲྭ་ཚང་གི་ཡིག་ཚང་དུ་ཕྱག་ལས་གནང་མྱོང་ཡོད་པ་དང་། རྗེས་སུ་ཕྱི་ལོ་༢༠༡༢ནང་ཕྱིར་ཕ་ཡུལ་དུ་ཕེབས་ཏེ། གཡི་པ་ཡུལ་ཚོའི་བཀྲ་ཤིས་དགོན་པར་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་འདུག་ལ།ཡང་འབྲེལ་ཡོད་བོད་མི་གཞན་དེས་དགེ་འདུན་པ་དཀོན་མཆོག་གྲགས་པ་ལགས་ནི་ནམ་རྒྱུན་ཉམས་ལེན་ཁོ་ནར་བརྩོན་མཁན་ཞིག་ཡིན་པ་ལས། ཆབ་སྲིད་ཀྱི་ལས་དོན་གཉེར་མཁན་དང་རྒྱ་ནག་གི་སྒྲིག་ཁྲིམས་དང་འགལ་མཁན་རིགས་མིན་པ་དང་། ས་གནས་མང་ཚོགས་ནས་ཁོང་ནི་དད་གུས་བྱ་ཡུལ་གྱི་དགེ་འདུན་པ་ཞིག་ཡིན་སྐོར་བརྗོད་བྱུང་།
སྤྱིར་འདས་པའི་ལོ་ཤས་ནས་བཟུང་རྒྱ་ནག་གཞུང་གིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་འོག་བོད་མི་མང་དག་ཅིག་འཛིན་བཟུང་བྱེད་བཞིན་ཡོད་པ་དང་། འདི་ལོའི་ཕྱི་ཟླ་༣ནང་གཞིས་ཀ་རྩེ་ནས་ཡིན་པའི་དབྱངས་མཚོ་ལགས་ཁ་པར་བརྒྱུད་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བཙན་འཁྲིད་དང་། ཕྱི་ལོ་༢༠༢༢ལོའི་ཕྱི་ཟླ་༨ནང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་པདྨ་རྫོང་ནས་ཡིན་པ།བོད་མི་ན་གཞོན་དཔལ་མགོན་ལགས་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་སྐོར་གྱི་ཉེས་མིང་གཡོགས་ནས་འཛིན་བཟུང་གིས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བྱུང་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།