རྔ་བ་ནས་ཞི་རྒོལ་བྱེད་མཁན་དཀོན་མཆོག་སྒྲོལ་མ་རེད།
2016.07.21
དེ་ཡང་ཉིན་ཤས་སྔོན་མདོ་སྨད་རྔ་བ་རྫོང་ཐོག་དུ་བུད་མེད་ཞིག་གིས་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་བཟུང་ནས་གོམ་བགྲོད་ཞི་རྒོལ་རྗེས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པའི་བུད་མེད་དེ་ནི་བྱིས་པ་གཉིས་ཀྱི་ཨ་མ་ཡིན་པའི་དཀོན་མཆོག་སྒྲོལ་མ་ཡིན་འདུག
དེ་ཡང་ཟླ་འདིའི་ཕྱི་ཚེས་༡༤་ཉིན་རྔ་བ་རྫོང་ཐོག་དུ་བུད་མེད་ཅིག་གིས་ཞི་རྒོལ་སྐད་འབོད་བྱས་རྗེས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་བོད་ནས་འབྱོར་བ་འདི་ག་རླུང་འཕྲིན་ཁང་གིས་རྒྱང་སྲིང་བྱས་ཟིན་པ་རེད། ཡིན་ནའང་རྒྱ་གཞུང་གི་དམ་དྲག་འོག་སྐབས་དེར་བུད་མེད་དེའི་མིང་སོགས་གནས་ཚུལ་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད་ཀྱང་། འདི་ཚེས་༢༡་ཉིན་བོད་ཀྱི་དུས་བབ་ཀྱིས་གནས་ཚུལ་སྤེལ་དོན་ལྟར་ན། ཞི་རྒོལ་སྐད་འབོད་བྱེད་མཁན་བུད་མེད་དེའི་མིང་ལ་དཀོན་མཆོག་སྒྲོལ་མ་ཟེར་བ་དང་། མོས་འདི་ཚེས་༡༤་ཉིན་༧གོང་ས་མཆོག་གི་སྐུ་པར་ཞིག་ལག་ཏུ་བཟུང་སྟེ་གོམ་བགྲོད་ཞི་རྒོལ་བྱས་རྗེས་དེ་མ་ཐག་ཉེན་རྟོག་པ་བསླེབས་ནས་བཙན་འཁྲིད་བྱས་ཡོད་འདུག
ཁོ་མོ་ནི་རྔ་བ་རྫོང་ཕྱུག་ལས་གོང་མ་ནས་ཡིན་ཞིང་། ཁོ་མོར་ལོ་༧་ཅན་གྱི་བུ་ཞིག་དང་ལོ་༤་ཅན་གྱི་བུ་མོ་གཅིག་ཡོད་པ་དང་། ཁོ་མོའི་ཨ་མའི་མིང་ལ་རྟ་མགྲིན་སྐྱིད་ཟེར་འདུག
གསར་འགོད་པ་རྡོ་རྗེ་འཚོ།