ཐའེ་ལྦན་གྱིས་བཟོས་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ།
2010.08.31
༄༅༎ཐའེ་ལྦན་གྱིས་ཐའེ་ལྦན་རང་ཉིད་ཀྱི་ཡུལ་ནང་བཟོས་པའི་མེ་ཤུགས་འཕུར་མདེལ་ཁག་ཅིག་འདི་ལོའི་ལོ་མཇུག་ནང་ཚོད་བལྟ་གནང་རྒྱུ་ཡིན་པ་ཐའེ་ལྦན་གྱི་གྲོས་ཚོགས་འཐུས་མི་དང་ཐའེ་ལྦན་གྱི་བདེ་སྲུང་གི་གནད་དོན་ཐོག་མཁས་པ་ཞིག་གིས་གསུང་ཡོད་པ་རེད་ ཐའེ་ལྦན་གྱི་གྲོས་ཚོགས་འཐུས་མི་སྐུ་ཞབས་ལིན་ཡུ་ཕང་ཡིས་ཡུལ་ནང་མེ་ཤུགས་འཕུར་མདེལ་བཟོ་བསྐྲུན་ཆེད་དགོས་ངེས་ཀྱི་རྒྱུ་ཆ་དེ་ཐོབ་རྗེས་མེ་ཤུགས་འཕུར་མདེལ་བཟོ་འདོན་བྱེད་རྒྱུ་འགོ་འཛུགས་བྱས་ཡོད་སྐོར་དང་མེ་ཤུགས་འཕུར་མདེལ་དེ་དག་འདི་ལོའི་ལོ་མཇུག་ནང་ཚོད་བལྟ་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
ཐའེ་ལྦན་གོ་མིང་ཏང་གི་གྲོས་ཚོགས་འཐུས་མི་སྐུ་ཞབས་ལིན་ཡིས་ཐའེ་ལྦན་གྱི་མེ་ཤུགས་འཕུར་མདེལ་དེ་དག་གི་རྒྱང་ཚད་དང་གྲངས་འབོར་ཐད་གསལ་ཆ་གནང་མེད་པ་རེད་ ཐའེ་ལྦན་བདེ་སྲུང་ལྷན་ཁང་ནས་མེ་ཤུགས་འཕུར་མདེལ་དེ་དག་གི་གནད་དོན་ཐོག་བཀའ་མོལ་གནང་འདོད་གནང་གི་མེད་པ་དང་བདེ་སྲུང་ལྷན་ཁང་དང་འབྲེལ་བ་ཡོད་པ་ཞིག་གིས་མེ་ཤུགས་འཕུར་མདེལ་གྱི་གྲངས་འབོར་དེ་བཅུ་ཕྲག་འགའ་ཤས་ཡིན་སྐོར་གསུང་འདུག
ལོ་ངོ་གཉིས་གོང་ནས་ཐའེ་ལྦན་དང་རྒྱ་ནག་བར་གྱི་འབྲེལ་ལམ་དེ་ཡར་རྒྱས་ཕྱིན་ཡོད་ནའང་ཐའེ་ལྦན་གྱི་དྲག་པོའི་དཔུང་དམག་གི་མགྲིན་ཚབ་པས་ཐའེ་ལྦན་གྱི་དྲག་པོའི་ནུས་སྟོབས་རྒྱ་བསྐྱེད་གཏོང་དགོས་སྐོར་གསུང་ཡོད་པ་རེད་
དེ་ཡང་ཐའེ་ལྦན་གྱི་དམག་སྤྱི་ལས་ཁུངས་ཀྱི་སྐུ་ཞབས་ལིན་ཁྲེན་དབྱི་ཡིས་ཐའེ་ལྦན་དང་རྒྱ་ནག་བར་གྱི་འབྲེལ་ལམ་དེ་ཡར་རྒྱས་ཕྱིན་ཡོད་ནའང་རྒྱ་ནག་གུང་བྲན་ཏང་གིས་ཐའེ་ལྦན་ཐོག་དྲག་རྒོལ་བྱེད་རྒྱུའི་ཆོད་སེམས་དེ་དོར་མེད་པ་རེད་ཅེས་གསུང་འདུག
ཕྱི་ལོ་༢༠༠༨ལོར་ཐའེ་ལྦན་གྱི་སྲིད་འཛིན་མ་ཡིན་ཇའོས་Hsiunfeng2Eཞེས་པའི་རྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་༣༠༠བཟོ་འདོན་བྱེད་དགོས་པའི་བཀའ་བཏང་ཡོད་སྐོར་ཐའེ་ལྦན་གྱི་རྒྱ་ནག་གི་དུས་བབ་ཅེས་པའི་གསར་ཤོག་གིས་གསུང་འདུག
གོང་ཞུས་Hsiunfeng2Eརྟགས་ཅན་གྱི་མེ་ཤུགས་འཕུར་མདེལ་དེ་དག་ཐའེ་ལྦན་གྱི་ཁྲུང་ཧྲན་ཚན་རིག་དང་འཕྲུལ་རིག་སློབ་གཉེར་ཁང་ནས་བཟོས་ཡོད་པ་དང་མེ་ཤུགས་འཕུར་མདེལ་གྱི་རྒྱང་ཚད་དེ་ཀི་ལོ་མི་ཀྲར་༨༠༠སྐོར་ཡིན་སྐོར་གོང་ཞུས་ཐའེ་ལྦན་གྱི་རྒྱ་ནག་གི་དུས་བབ་གསར་ཤོག་གིས་གསུང་འདུག
མེ་ཤུགས་འཕུར་མདེལ་དེ་དག་ས་ཐོག་དང་མཚོ་ཐོག་ནས་གཏོང་ཐུབ་རྒྱུ་མ་ཟད་རྒྱ་ནག་གི་ལྷོ་ཤར་གྱི་མེ་ཤུགས་འཕུར་མདེལ་གྱི་ལྟེ་གནས་དང་རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཧྲང་ཧའི་ནང་སྙོབས་ཐུབ་པའི་ནུས་པ་ཡོད་པའི་གནས་ཚུལ་ཐོན་བཞག།