བོད་རང་སྐྱོང་ལྗོངས་ཞེས་བའི་ནང་གི་སྟག་དང་པོ་འཇུ་བཟུང་།
2015.06.26
རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་གསང་བའི་བདེ་འཇགས་ཀྱི་འགོ་ཁྲིད་ཟུར་པ་ལེ་ཏ་ཁོ་འཇུ་བཟུང་བྱས་ཡོད་པ་རེད།
དེ་ཡང་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་གསང་བའི་བདེ་འཇགས་ཀྱི་འགོ་འཁྲིད་ཟུར་པ་དང་། ལྗོངས་མི་མང་འཐུས་མིའི་གྲོས་ཚོགས་ཀྱི་རྒྱུན་ལས་ཀྱི་འགོ་ཁྲིད་གཞོན་པ་ལེ་ཏ་ཁོ་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞི་ཐོག་ནས་འཛིན་བཟུང་བྱས་ཡོད་པ་དང་། རྒྱ་ནག་གུང་ཁྲན་ཏང་གི་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁང་གིས་རེས་གཟའ་པ་སངས་ཉིན་ཕྱི་བསྒྲགས་ཤིག་སྤེལ་བའི་ནང་། བོད་རང་སྐྱོང་ལྗོངས་གི་མི་མང་གི་གྲོས་ཚོགས་ཀྱི་རྒྱུན་ལས་ཚོགས་ཆུང་གི་འགོ་ཁྲིད་གཞོན་པ་ ལེ་ཏ་ཁོ་ལ་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ཞིབ་འཇུག་བྱེད་བཞིན་པ་ཡིན་པའི་བཀོད་ཡོད་པ་རེད། འོན་ཀྱང་གསལ་བསྒྲགས་དེའི་ནང་ལེ་ཏ་ཁོའི་ནག་ཉེས་དང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་གང་དང་གང་ཡིན་མིན་གྱི་གནས་ཚུལ་གསལ་ཁ་གང་ཡང་བཏོན་མེད་པ་རེད་འདུག ཡང་རྒྱ་ནག་གི་གཞུང་འབྲེལ་གྱི་བརྒྱུད་ལམ་ནང་ལོ་ན་༥༥་ལ་སོན་པའི་ལེ་ཏ་ཁོ་རྒྱ་ནག་རྒྱལ་ཡོངས་ནང་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་ཐོག་ཞིབ་འཇུག་ཀྱི་ལས་འགུལ་ནང་འཛིན་བཟུང་བྱས་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་གནས་རིམ་ནང་། ལེ་ཏ་ཁོ་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་ཐོག་དོ་དམ་འཛིན་བཟུང་བྱས་པའི་དཔོན་རིགས་མཐོ་ཤོས་ཡིན་པ་བཀོད་ཡོད་པ་རེདའདུག གཞུང་འབྲེལ་གྱི་བརྒྱུད་ལམ་ནང་ལེ་ཏ་ཁོ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་ནས་ལྐོག་ཟ་རུལ་སུངས་ལ་རྡུང་རྡེག་ཀྱི་ལས་འགུལ་ནང་འཛིན་བཟུང་བྱས་པའི་སྟག་དང་པོ་དེ་ཡིན་པ་འགྲེལ་བརྗོད་བྱས་འདུག རྒྱ་ནག་གིས་སྲིད་འཛིན་ཞི་ཅིང་ཕིང་གིས་ལྐོག་ཟ་རུལ་སུངས་ལ་གདོང་ལེན་གྱི་ལས་འགུལ་ནང་སྟག་དང་སྦྲང་འབུ་གཉིས་ཀའི་ཐོག་ཞིབ་འཇུག་ཉེས་ཆད་ལག་ལེན་བསྟར་རྒྱུའི་བཀའ་རྒྱ་བཏང་ནས་རྒྱ་ནག་གི་ས་ཁུལ་ཁག་ཏུ་དཔོན་རིགས་ཆེ་ཆུང་མང་པོ་ཞིག་འཛིན་བཟུང་བཀག་ཉར་དང་ཁྲིམས་ཞིབ་ཀྱི་བརྒྱུད་རིམ་གྱི་ཐོག་ནས་སྲོག་ཐོག་དང་བཙོན་འཇུག་སོགས་ཀྱི་ཉེས་ཆད་མང་པོ་ལག་ལེན་བསྟར་ཟིན་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་ཁུལ་དུ་དེ་སྔོན་རྗོང་དང་ཁུལ་གྱི་ལས་བྱེད་ཁ་ཤས་འཛིན་བཟུང་ཞིབ་འཇུག་བྱས་ཡོད་ལེ་ཏ་ཁོ་བོད་རང་སྐྱོང་ལྗོངས་ཀྱི་ཁྱབ་ཁོངས་ནས་ལྐོག་ཟ་རུལ་སུངས་ཀྱི་དོགས་གཞིའི་ཞིབ་འཇུག་བྱས་པའི་འགོ་ཁྲིད་མཐོ་ཤོས་ཡིན་པ་རེད་འདུག
གསར་འགོད་པ་ཀརྨ་རྡོ་རྗེ།