སློབ་སྦྱོང་དང་ལྷན་བཟང་སྤྱོད་མེད་ན་ཕན་ཐོགས་ཚབ་ཏུ་གནོད་ཚབས་ཡོང་ཉེན་ཆེ་ཞེས་ཤེས་རིག་བཀའ་བློན་མཆོག་གིས་གསུངས་པ།
བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཞུགས་སྒར་རྡ་རམ་ས་ལར་ཟླ་ ༡༢ པའི་ཚེས་ ༢༣ ནས་བཟུང་ཉིན་དྲུག་རིང་། རྒྱ་གར་དང་བལ་ཡུལ་ནང་གི་གཏན་ཉིན་སློབ་གྲྭ་ཁག་ ༡༦ གི་སློབ་ཕྲུག་འགན་བདག་རྣམ་པ་དང་འབྲེལ་ཡོད་དགེ་རྒན་ཚོར། བོད་ཀྱི་ཆོས་དང་རིག་གཞུང་སྐད་ཡིག་གི་གལ་གནད་དང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ། དྲ་རྒྱའི་བདེ་འཇགས་དང་སློབ་གྲྭའི་ནང་ཕོ་མོ་འདྲ་མཉམ། འགོ་ཁྲིད་ཀྱི་ནུས་རྩལ་སོགས་ཀྱི་ཐོག་ཟབ་སྦྱོང་གནང་གི་ཡོད་པ་དེའི་ཐོག ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་ལགས་ཆེད་ཕེབས་ཀྱིས། སློབ་སྦྱོང་ཡག་པོ་དང་མཉམ་དུ་བཟང་སྤྱོད་ཡག་པོ་མེད་ན་སློབ་སྦྱོང་ཡོད་ཀྱང་ཕན་ཐོགས་ཀྱི་ཚབ་ཏུ་གནོད་འཚེ་དང་རྙོག་དྲ་ཡོང་ཉེན་ཡོད་པ་སོགས་བསླབ་སྟོན་གནང་སོང་ལ། ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་ཚན་པའི་འགན་འཛིན་བསྟན་འཛིན་རྡོ་རྗེ་ལགས་ནས། འགོ་ཁྲིད་ཟབ་སྦྱོང་དེ་བཞིན་གནང་དོན་གྱི་གཙོ་བོ་ནི་བོད་ཕྲུག་རྣམས་ལ་འགོ་ཁྲིད་ཀྱི་ནུས་རྩལ་གོང་འཕེལ་དང་མང་གཙོའི་འཕེལ་རིམ་གྱི་གོ་རྟོགས་ཡོད་པ། གཞན་ཕན་སྒྲུབ་ཐུབ་མཁན་དང་དུས་ཀྱི་དགོས་མཁོ་དང་འཚམ་པའི་གསར་གཏོད་གནང་ཐུབ་པའི་མི་རབས་གསར་པ་གསོ་སྐྱོང་གི་དམིགས་ཡུལ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཟབ་སྦྱོང་དེའི་ཐོག་མཉམ་ཞུགས་གནང་མཁན་སྦེལ་ཀོབ་བོད་ཕྲུག་ཁྱིམ་སྡེའི་འགན་བདག་རྟ་མང་ཉི་མ་བཟང་མོ་ལགས་ནས། སློབ་གྲྭའི་ནག་སློབ་ཕྲུག་དང་ལྷན་སྐབས་རེར་འབྲེལ་མཐུད་ཀྱི་ཐབས་ལམ་ཐོག་དཀའ་ངལ་ཡོང་གི་ཡོད་པས། རོགས་རམ་དང་ཐབས་ལམ་འདྲ་མིན་འཚོལ་རྒྱུར་ཟབ་སྦྱོང་འདིས་ཕན་ཐོགས་ཡོད་པར་མཐོང་གི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་ལ། གྷོ་པལ་པུར་བོད་ཁྱིམ་གྱི་འགན་བདག་ཚེ་རིང་དབང་ཕྱུག་ལགས་ནས། འགན་བདག་དང་སློབ་ཕྲུག་གཞན་གྱི་དབར་འགན་བདག་གི་འགན་ལེན་སྐབས་མི་མཐུན་པའི་དཀའ་ངལ་སྣ་མང་ཡོང་གི་ཡོད་པས། ཟབ་སྦྱོང་འདིའི་ནང་གི་ཕོ་མོ་འདྲ་མཉམ་དང་ཚང་མ་ལ་སྙོམས་པོ་བྱ་དགོས་པ་སོགས་གལ་ཆེན་དུ་མཐོང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
ཉེ་བའི་ལོ་ཤས་ནས་བཟུང་ལོ་འཆར་ཅན་དུ་འབུལ་བཞིན་པའི་གཏན་ཉིན་སློབ་གྲྭ་ཁག་གི་དགེ་རྒན་དང་འགན་བདག་རྣམ་པའི་འགོ་ཁྲིད་ཀྱི་ཟབ་སྦྱོང་འདིར། རྒྱ་གར་དང་བལ་ཡུལ་ནང་གི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་༡༦ནས་སློབ་ཕྲུག་རྒན་བདག་ཕོ་མོ་༤༣དང་། འབྲེལ་ཡོད་དགེ་རྒན་༡༦བཅས་ཆེད་དུ་ཟབ་སྦྱོང་ནང་མཉམ་ཞུགས་གནང་གི་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།