༧གོང་ས་མཆོག་ལ་སྐུ་ངལ་མང་ཙམ་གསོ་རུ་འཇུག་གནང་རོགས།
2015.03.02
བོད་ནང་གི་གཞི་ལུས་བོད་མི་ཚོས་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་བློ་འཚབ་དང་སྐུ་ངལ་མང་ཙམ་གསོ་རུ་འཇུག་རྒྱུའི་བསམ་ཚུལ་བཏོན་འདུག
དེ་ཡང་བོད་ནང་གི་རྩོམ་པ་པོ་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་བོད་རིགས་ཡོད་དོ་ཅོག་ལ་སྤྲིངས་བའི་དོན་ཚན་ཁག་ལྔ་ཅན་གྱི་འཕྲིན་ཞིག་འབྱོར་བ་དང་། དེ་ནི་༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་ཡོད་པས་༧གོང་ས་མཆོག་ལ་སྐུ་ངལ་མང་ཙམ་གསོ་རུ་འཇུག་གནང་དགོས་པ་སོགས་དེང་སྐབས་བོད་ནང་གི་བོད་མིའི་ཁྲོད་༧གོང་ས་མཆོག་གི་སྐུ་ཕྱྭའི་ཐད་སེམས་ཁྲལ་དང་དོ་སྣང་ཆེན་པོ་ཡོང་བཞིན་པ་དང་འབྲེལ་རྩོམ་པ་པོས་དེའི་ཐད་བོད་རིགས་ཡོད་དོ་ཅོག་ལ་བསམ་ཚུལ་དོན་ཚན་ཁག་ལྔ་ཞེས་བྲིས་བ་ཡིན་འདུག འཕྲིན་ཡིག་དེའི་དོན་ཚན་དང་པོར་། ༧གོང་ས་མཆོག་ཕྱིའི་ཡུལ་གྲུ་ཁག་ལ་ཕེབས་སྐབས་བསུ་བ་ཞུ་སྟངས་ནི་རྔ་རྡུང་བྲོ་འཁྲབ་པ་སོགས་བྱས་ཏེ་ཁོང་གི་སྐུ་མདུན་དུ་བཅར་པ་མང་དྲགས་འདུག ཁ་པར་དང་པར་ཆས་ལས་པར་ལེན་མཁན་ཡང་ཧ་ཅང་མང་། འདི་ལྟ་བུའི་བསུ་བ་རྒྱུན་ལྡན་དུ་གྱུར་ཚེ། སྐུ་སྲུང་བ་དག་གིས་ཀྱང་དོ་སྣང་གིས་མ་འདང་བའི་སྐྱོན་ཡོང་སྲིད་པས་བར་ཐག་ངེས་ཅན་ཞིག་ནས་བསུ་བ་བྱ་རྒྱུ་དང་། པར་གང་བྱུང་བརྒྱབ་མི་ཆོག་པར་བྱ་རྒྱུའི་རེ་སྐུལ་དང་།
དོན་ཚན་གཉིས་བར། ༧གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་ཡོད་པས་བཙན་བྱོལ་གཞུང་ངོས་དང་། སྐུ་སྒེར་ཡིག་ཚང་བཅས་ནས་ཐུགས་བསམ་གནང་སྟེ་མཛད་འཕྲིན་སྐུ་ཚེགས་ཇེ་ཉུང་ལ་གཏོང་ཇི་ཐུབ་གནང་ནས་༧གོང་ས་མཆོག་སྐུ་ངལ་མང་ཙམ་གསོ་རུ་འཇུག་གནང་རྒྱུ།
གསུམ་པ། ༧གོང་ས་མཆོག་འཛམ་གླིང་གི་དབུ་ཁྲིད་ཅིག་ཡིན་པས་བོད་རྒྱའི་བར་གྱི་གནད་དོན་ལ་གཟུ་བ་གནང་ན་བོད་རྒྱ་ཕན་ཚུན་ལ་བཤད་བདེ་བོ་ཡོང་ངེས་ཤིང་། ནུས་པའང་ཆེན་པོ་ཐོན་ངེས་ཡིན། དེ་མིན་པར་སྐད་འབོད་ཞི་རྒོལ་གྱི་སྐབས་སུ་ཁོང་གི་སྐུ་པར་བཟུང་སྟེ་མཚན་ནས་འབོད་པ་སོགས་བྱས་ཚེ། རྒྱ་གཞུང་དང་རྒྱ་མི་རིགས་ལ་ལྟ་སྟངས་གཞན་ཞིག་ཡོང་གི་འདུག་པས། ང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་ཁོང་རྒྱ་བོད་ཐུན་མོང་གི་དབུ་ཁྲིད་ཅིག་ཡིན་པའི་གསལ་འདེབས་བྱེད་དགོས།
བཞི་བ། བོད་མིའི་བདེན་དོན་རྩོད་པའི་ལྟ་གྲུབ་ཆེན་པོ་གཉིས་ལས་གང་ཡིན་ཡང་། མཐའ་མཇུག་དགོས་པའི་གྲུབ་དོན་ནི་བོད་རིགས་ཡོངས་དཀའ་ངལ་ལས་གྲོལ་རྒྱུ་དེ་ཡིན་པས། རང་རང་གི་ལྟ་བ་མཆོག་འཛིན་བྱེད་མི་རུང་ལ། ཕན་ཚུན་བསྟུན་ཤེས་དང་རོགས་འདེགས་ཀྱི་ལས་འགུལ་ལ་ཤུགས་སྣོན་གནང་རྒྱུ།
ལྔ་བ། ༧གོང་ས་མཆོག་ཡར་མར་ཕེབས་སྐབས་སུ་དོལ་ཚོགས་ཀྱིས་སྐད་འབོད་ངོ་རྒོལ་བྱེད་བཞིན་པར་རྒོལ་བ་ནི་རྒྱ་ནག་འདོད་དོན་གཙོ་བོ་ཡིན་པས། དེ་ལདྲ་མ་བྱས་བར་སྲུང་ཆ་དང་བསུ་མ་རྒྱ་ཆེ་རུ་གཏོང་དགོས་པ་སོགས་འཕྲིན་པའི་ནང་འཁོད་འདུག
ཡིག་གེ་བརྒྱུད་སྤྲོད་གནང་མཁན་འོད་ལགས་ཀྱིས་གསུངས་དོན། རྩོམ་པ་པོ་ཁོས་དེ་སྔ་གོ་ལྔ་ལོར་བྲིས་པའི་«བོད་མདོ་སྨད་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་སྤྲིངས་པའི་འཕྲིན་ཡིག»མི་ལག་བརྒྱུད་ནས་བོད་གཞུང་བདེ་སྲུང་ལ་ཕུལ་བ་དང་། ༢༠༠༧ ལོར་འཛིན་བཟུང་བཀག་ཉར་བྱས་བ་སོགས་ལས་མཚན་བརྗོད་སྟབས་མི་བདེ་བ་གསལ་སྟོན་བྱས་ཡོད།
གསར་འགོད་པ་ཀླུ་འབུམ།