བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་འབོད་སྐུལ།
2012.02.03
༄༅༎བཙན་བྱོལ་བོད་མིའི་བཀའ་ཤག་གིས། ཕྱི་ཟླ་༢ པའི་ཚེས་༨ ལྷ་དཀར་ཉིན་མོ་དང་སྟབས་བསྟུན་གྱིས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཡོངས་ནས་དུས་གཅིག་ལ་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་གནང་ཡོད་པའི་སྐོར་དེ་རིང་རེས་གཟའ་སྤེན་པའི་ཉིན་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པ་རེད།
བཀའ་ཤག་གིས་བཙན་བྱོལ་དུ་ཡོད་པའི་ས་གནས་སོ་སོའི་འགོ་འཛིན་དང༌། སྐུ་ཚབ་དོན་གཅོད་ཁག་ཚང་མར་ཕྱི་ཟླ་དང་པོའི་ཚེས་༣༠ འཁོད་པའི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་ཤིག་བཏང་གནང་བ་དེའི་ནང་དུ། འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༢༣ ཉིན་མོ་དེ་ནི་རྒྱ་མི་རིགས་ཚོས་རྒྱ་མིའི་དཔྱིད་གསར་དུས་ཆེན་གཏོང་བའི་དུས་སྐབས་དེར་བོད་ཀྱི་བྲག་འགོ་དང༌། མགོ་ལོག་རྔ་པ། རྒྱལ་རོང༌། གསེར་རྟ། འཛམ་ཐང༌། སོགས་ནང་བོད་མི་བརྒྱ་ཕྲག་མང་པོས་ཞི་བའི་ཐོག་ནས་བོད་མི་ཚོའི་གཞི་རིམ་གྱི་ཐོབ་ཐང་ཁག་རྩོད་པའི་ལས་འགུལ་སྤེལ་བའི་སྐབས། རྒྱ་མིའི་ཉེན་རྟོག་པ་དང༌། དྲག་ཆས་ཉེན་རྟོག་པས་ཞི་བའི་མི་དམངས་ཐོག་གང་བྱུང་དུ་མེ་མདའ་རྒྱབ་སྟེ། ད་ལྟ་བར་གནས་ཚུལ་ཐོན་པར་གཞིགས་ན། བོད་མི་དྲུག་རྐྱེན་ལམ་དུ་ཕྱིན་ཡོད་པ་དང༌། དྲུག་བཅུ་ལྷག་རྨས་སྐྱོན་བཟོས་ཡོད་པ། དེའི་ནང་ནས་འགའ་ཤས་ཤིག་ལ་རྨས་སྐྱོན་ཚབས་ཆེ་བཟོས་ཏེ་གནས་སྟངས་ནི་མུ་མཐུད་ཛ་དྲག་ངང་གནས་ཡོད། དེར་བརྟེན་བཙན་བྱོལ་དུ་ཡོད་པའི་དབུས་བོད་མིའི་སྒྲིག་འཛུགས་ནས་བློ་ཕམ་ཆེན་པོའི་སྒོ་ནས། བོད་ཀྱི་རྩ་དོན་ཆེད་དུ་ད་བར་རང་སྲོག་བློས་གཏོང་གནང་མཁན་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་རྒྱབ་སྐྱོར་ཞུ་རྒྱུའི་ཆེད་དུ། ཕྱི་ཟླ་གཉིས་པའི་ཚེས་༨ ལྷ་དཀར་ཉིན་མོ་དེར་བཙན་བྱོལ་དུ་གནས་སྡོད་བོད་མི་དང་ཕྱི་རྒྱལ་རྒྱབ་སྐྱོར་བ་ཡོངས་ཀྱིས་དུས་གཅིག་ལ་བོད་དོན་ལས་འགུལ་དང༌། མཆོད་འབུལ་སྨོན་ལམ་རྒྱ་ཆེ་གནང་རྒྱུ་ཡིན་ཞིང༌། དེ་ཉིན་བོད་མི་རྣམས་ཀྱིས་ངེས་པར་དུ་བོད་ལུགས་ན་བཟའ་གྱོན་ནས་་བོད་དོན་ཆེད་རང་སྲོག་བློས་བཏང་གནང་བ་ཚོར་མྱ་ངན་དང་གུས་བཏུད་མཚོན་དོན་དུ་ཁ་རས་ནག་པོ་དཀྲིས་ཏེ་བདེན་ཚིག་སྨོན་ལམ་མཚོན་པའི་སྨོན་ལམ་གསུང་འདོན་གནང་དགོས། དེ་བཞིན་ཕྱི་ཟླ་༢ པའི་ཚེས་༢༢ ལྷ་དཀར་ཉིན་མོར་བོད་ཀྱི་ལོ་གསར་ཚེས་གཅིག་འཁེལ་བར་བརྟེན་བོད་མི་ཚོས་ཆོས་ཕྱོགས་དང་སྲོལ་རྒྱུན་གྱི་བྱེད་སྒོ་ཁག་མ་གཏོགས་སྤྲོ་སྐྱིད་ཀྱི་དུས་སྟོན་རིགས་མ་གནང་བའི་འབོད་སྐུལ་གནང་ཡོད་པ་རེད།