བོད་གཞུང་བཀའ་བློན་ལྷ་ཀླུ་ཚེ་དབང་རྡོ་རྗེ་སྐུ་གཤེགས།

བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་ཀྱི་མདོ་སྤྱི་ས་དབང་ཆེན་མོ་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་དགོངས་པ་རྫོགས་ཡོད་པའི་གནས་ཚུལ།

2011.09.16

༄༅༎བོད་གཞུང་དགའ་ལྡན་ཕོ་བྲང་སྐབས་ཀྱི་མདོ་སྤྱི་ས་དབང་ཆེན་མོ་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་ཟླ་བ་འདི་ཕྱི་ཚེས་༡༤ རེས་གཟའ་ལྷག་པའི་ཉིན་དགུང་གྲངས་༩༧ ལ་ལྷ་ལྡན་དུ་དགོངས་པ་རྫོགས་ཡོད་པ་རེད།
ལྷ་ཀླུ་གཟིམ་ཤག་ཞེས་པ་ནི། རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཁྲུངས་གཞིས་དང༌། རྒྱལ་བ་སྐུ་ཕྲེང་༡༢ པའི་ཡབ་གཞིས་ཟླ་སྒྲིལ་བཏང་བའི་སྐུ་ཕྲེང་གཉིས་ཀྱི་ཡབ་གཞིས་ཡིན་ཞིང༌། ལྷ་ཀླུ་ཚེ་དབང་རྡོ་རྗེ་མཆོག་གི་ཡབ་ནི་བོད་ཀྱི་ལོ་རྒྱུས་ནང་མཚན་སྙན་ཆེ་བའི་ལུང་ཤར་རྡོ་རྗེ་ཚེ་རྒྱལ་ཞུ་བ་དང་ཡུམ་བཤད་སྒྲའི་བོུ་དབྱངས་འཛོམས་ཚེ་རིང་ལགས་གཉིས་སུ་བོད་རང་བྱུང་༡༥ པའི་ཤིང་སྟག་༡༩༡༤ ལོའི་ཟླ་བ་༡༠ པའི་ཚེས་༡༥ ཉིན་རྒྱ་གར་རྡོ་རྗེ་གླིང་དུ་ལུང་ཤར་ཁྱིམ་རྒྱུད་དུ་འཁྲུངས་ཡོད་པ་རེད། བོད་རྒྱ་ནག་གཞུང་གིས་བཙན་འཛུལ་མ་བྱས་པ་བར་དུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཞབས་རྗེ་ཞུས་ཡོད་པ་ནི། ཕྱི་༡༩༢༧ ལོར་དགུང་གྲངས་༡༤ ཕེབས་པའི་སྐབས། རྩིས་ཁང་དུ་གཞུང་ཞབས་ཞུས་ཏེ། གཞུང་ཞབས་ནང་ཐོག་མར་འགོ་བཙུགས་གནང་ཡོད་པ་དང༌། དེ་རྗེས། ༡༩༣༧ ལོར་དགུང་གྲངས་༢༤ ཕེབས་པའི་སྐབས། བཀའ་གྲོན་དང༌། ༡༩༤༡ ལོར་དགུང་གྲངས་༢༨ སྐབས་རྩིས་དཔོན་གནང་བ། དེ་རྗེས་༡༩༤༦ ལོར་དགུང་གྲངས་༣༣ སྐབས་བཀའ་བློན་གྱི་མཛད་འཁུར་བཞེས་ཏེ། བོད་ཀྱི་མདོ་སྨད་སྤྱི་ཁྱབ་གནང་བ་ཕེབས་ཡོད་པ་རེད།  བོད་གཞུང་གིས་ལྷ་ཀླུ་ཚེ་དབང་རྡོ་རྗེ་མཚོག་བོད་ཤར་ཕྱོགས་ཆམ་མདོར་མདོ་སྨད་སྤྱི་ཁྱབ་ཏུ་བསྐོ་བཞག་གནང་བའི་རྗེས། རྒྱ་ནག་མི་དམངས་བཅིང་བགྲོལ་དམག་དཔུང་གིས། བོད་ཤར་ཕྱོགས་བརྒྱུད་ནས་བོད་ཐོག་བཙན་འཛུལ་མ་བྱས་བར་གྱི་༡༩༥༡ བར་དུ་མདོ་སྤྱི་གནང་ཡོད་ཅིང། ༡༩༥༥ ལོར་བོད་གཞུང་གི་སྐུ་ཚབ་ཚོགས་པའི་ལྷན་དུ་པེ་ཅིང་ཕེབས་པ་དང༌། ༡༩༥༩ ལོའི་བོད་མིའི་སྒེར་ལངས་སྐབས། རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་བཙན་འཛུལ་བྱེད་པར་ཁ་གཏད་གདོང་ལེན་གནང་བར་བརྟེན་ནས། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། འཐབ་འཛིངས་བཏང་བ་དང༌། གྲ་བཞི་བཙོན་ཁང་དུ་བཙོན་འཇུག་བྱས་པ། མཐར་སྤྱི་ཚོགས་ཐོག་གློད་བཀྲོལ་བཏང་ཡོད་ཀྱང་ཞྭ་མོ་ཡོད་པའི་གྲལ་རིམ་དུ་ངོས་འཛིན་བྱས་ཏེ། འཐབ་འཛིངས་བཏང་བ་དང་ལས་མེད་ཀྱི་ལས་ཀ་སྐུལ་དེད་བྱས་པ་སོགས་དཀའ་ངལ་ཆེན་པོ་བྱུང་ཡོད་པ་རེད།།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎