ཀ་རྡ་ཕིའི་དབང་ཆ་རྩིས་སྤྲོད་དགོས་རྒྱུར་གནོན་ཤུགས།
2011.04.13
༄༅༎དེ་རིང་གཟའ་ལྷག་པའི་ཉིན་རྒྱལ་སྤྱིའི་འབྲེལ་ལམ་ཚོགས་ཆུང་ཞེས་པའི་རྒྱལ་སྤྱིའི་ཡུལ་ཁག་གི་ཕྱི་འབྲེལ་དཔོན་རིགས་ཚོ་ཀ་ཏའར་གྱི་རྒྱལ་ས་རྡོ་ཧ་རུ་ལྷན་འཛོམས་ཀྱིས་ལི་བི་ཡའི་གནད་དོན་ཐོག་བཀའ་བསྡུར་གནང་རྒྱུ་ཡིན་པ་དང་ ལྷན་འཛོམས་ཐོག་གཙོ་བོ་ལི་བི་ཡའི་དབང་འཛིན་པ་མོཨ་མར་ཀ་རྡ་ཕི་ཡིས་དབང་ཆ་རྩིས་སྤྲོད་བྱ་རྒྱུར་ཁོ་པའི་ཐོག་གནོན་ཤུགས་ཆེ་རུ་གཏོང་རྒྱུའི་ཐོག་བཀའ་བསྡུར་གནང་ཡོད་པའི་སྐོར་དབྱིན་ཇིའི་ཕྱི་སྲིད་བློན་ཆེན་ལྦི་ལིཡེམ་ཧེག་ཡིས་འགྲེལ་བརྗོད་གནང་འདུག
དབྱིན་ཇིའི་ཕྱི་སྲིད་བློན་ཆེན་མཆོག་ནས་དཔོན་རིགས་རྣམ་པའི་ལྷན་འཛོམས་ཞོར་དུ་གསར་འགོད་པར་འགྲེལ་བརྗོད་གནང་བའི་སྐབས་ མ་འོངས་ཀྱི་ལི་བི་ཡ་དེ་བཞིན་ག་ད་ཕིའི་ཡིས་དབང་ཤུགས་འོག་མི་སུ་ཡང་གནས་སྡོད་མེད་པ་དེ་དངོས་ཡོད་གནས་སྟངས་ཤིག་ཡིན་པར་བརྟེན་མ་འོངས་ལི་བི་ཡའི་གནས་སྟངས་བཟང་ཕྱོགས་སུ་བསྐྱོད་རྒྱུར་ཁ་དར་ཕེའི་ཡི་དབང་འཛིན་མེད་པ་བཟོ་རྒྱུ་དེ་ཆགས་ཀྱི་ཡོད་སྟབས་
ད་རེས་ལྷན་འཛོམས་ཐོག་ཁ་ད་ཕེའི་ཡི་དབང་ཆ་མགྱོགས་མྱུར་རྩིས་སྤྲོད་ཡོང་རྒྱུར་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་གཏོང་རྒྱུའི་སྐོར་ལ་བཀའ་བསྡུར་གནང་ཡོད་པ་གསུང་འདུག དཔོན་རིགས་ལྷན་འཛོམས་དེའི་ཐོག་ལི་བི་ཡའི་ནང་འཁྲུག་གི་གནད་དོན་ཐོག་རྒྱལ་སྤྱིའི་ཡུལ་ཁག་གི་ཚུར་སྣང་ལན་འཆར་ག་རེ་ཡདོ་མེད་ཐོག་ལ་ཡང་གྲོས་བསྡུར་གནང་ཡོད་པ་དང་ཕེ་རན་སི་དང་དབྱིན་ཡིའི་ཕྱི་སྲིད་དཔོན་རིགས་ནས་བྱང་ཨར་ལན་ཁྲེག་དམག་དོན་སྤྱི་ཆིངས་སྒྲིག་འཛུགས་ཀྱིས་ལི་བི་ཡའི་གཞུང་དམག་ཐོག་མཁའ་ཐོག་ནས་གཏོར་རྒོལ་གཏོང་རྒྱུར་ཤུགས་སྣོན་སྐྱོན་རྒྱུའི་སྐོར་ཡང་གླེང་ཡོད་པ་རེད་ ལྷན་ཚོགས་དེའི་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྦན་ཀི་མུན་མཆོག་ཀྱང་ཚོགས་བཞུགས་གནང་ཡོད་པ་མ་ཟད་ ཉེ་ཆར་དབྱིན་ཇི་ཡུལ་དུ་བྲོས་བྱོལ་ལ་སླེབས་པའི་ལི་བི་ཡའི་ཕྱི་སྲིད་བློན་ཆེན་མུའུ་ས་ཀུའུ་ས་ཡང་ཚོགས་བཞུགས་བྱས་ནས་ཚོགས་ཆུང་ལ་ལི་བི་ཡའི་གནད་དོན་ཐོག་བསམ་ཚུལ་ཁག་ཅིག་ཡང་བཏོན་ཡོད་པ་རེད་ རྒྱལ་སྤྱིའི་འབྲེལ་འཐུད་ཚོགས་ཆུང་ཟེར་བའི་ལྷན་ཚོགས་དེ་བཞིན་ད་རེས་ཚོགས་ཐེངས་གཉིས་པ་དེ་ཡིན་པ་དང་ལྷན་ཚོགས་དང་པོ་དེ་བཞིན་ཟླ་བ་སྔོན་མ་ལོན་ཀྲོན་ནང་ཚུགས་ཡོད་པ་རེད་