མཚན་ཞབས་ངག་དབང་རྡོ་རྗེ་ཡི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན།
2017.06.09

༧རྒྱལ་མཆོག་༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཚན་ཞབས་སོག་པོ་མི་རིགས་ཡིན་པའི་དགེ་བཤེས་ངག་དབང་བློ་བཟང་རྡོ་རྗེ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་པར་རིས་འགྲེམས་སྟོན་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལོ་རྒྱུས་སུ་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པའི་དཔང་རྟགས་ཉར་བར་བསྔགས་བརྗོད་གནང་འདུག
དེ་ཡང་སྤྱི་ཟླ ༦ ཚེས ༩ ཉིན། རྡ་རམ་ས་ལའི་བོད་ཀྱི་འགྲེམས་སྟོན་ཁང་དུ། ༧རྒྱལ་དབང་༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཚན་ཞབས་གནང་མྱོང་བ་སོག་པོའི་མི་རིགས་ཡིན་པ་དགེ་བཤེས་ངག་དབང་བློ་བཟང་རྡོ་རྗེའམ་ཨག་ཝན་རྡོ་རྗེ་གཡིབ་ལགས་ཀྱི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་པར་རིས་འགྲེམས་སྟོན་ཞིག་དབུ་བཙུགས་ཡོད་པ་དང་། སྐུ་མགྲོན་གཙོ་བོ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ཡོད་འདུག
མཚན་ཞབས་རྡོ་རྗེ་གཡིབ་ལགས་ཀྱི་པར་རིས་འགྲེམས་སྟོན་ཆེད་ཨུ་རུ་སུའི་མངའ་ཁོངས་ན་ཡོད་པའི་བྷུ་རེ་ཡཏ་ནས་མཚན་ཞབས་ངག་དབང་རྡོ་རྗེ་ཐེབས་རྩའི་འགན་འཛིན་དང་། མཚན་ཞབས་པ་ངག་དབང་རྡོ་རྗེ་ཡིས་ཕྱག་བཏབས་པའི་ཨ་ཙ་ཡ་དགོན་པའི་ཏར་པ་བླ་མ། དེ་མིན་མཚན་ཞབས་ངག་དབང་རྡོ་རྗེའི་ལོ་ན་བརྒྱད་ཅུར་ལོན་པའི་ཚ་མོ་ཞིག་བཅས་ཆེད་དུ་ཕེབས་ཡོད་འདུག མཚན་ཞབས་ངག་དབང་རྡོ་རྗེ་ཐེབས་རྩའི་འགན་འཛིན་ཏར་པ་བླ་མས་འགྲེམས་སྟོན་འདི་ནི་དེ་སྔའི་ཨུ་རུ་སུ་དང་བོད་ཀྱི་བར་དུ་ཆོས་སྲིད་དང་རིག་གཞུང་གི་འབྲེལ་བ་ཟབ་མོ་དེ་མི་ཉམས་རྒྱུད་འཛིན་གྱི་ཆེད་དུ་ཡིན་པ་གསུངས་འདུག
སྐབས་དེར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ལོ་རྒྱུས་སུ་བོད་འདི་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། བྷུ་རི་ཡཏདང་། ཁལ་མིཀ་སོགས་ཀྱིས་གཙོས་མཐའ་འཁོར་རྒྱལ་ཁབ་བར་ཕྱི་འབྲེལ་ག་ཚོད་ཡོད་པ། དེ་བཞིན་དུ་༧རྒྱལ་མཆོག་༧སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་དབུས་བོད་གཞུང་གིས་འབད་བརྩོན་ག་ཚོད་གཅིག་གནང་བ་དང་དེ་ལ་འབྲས་བུ་ག་ཚོད་ཅིག་ཐོབ་པའི་དཔང་རྟགས་སུ་པར་རིས་འདི་དག་ཡག་པོ་ཉར་ཐུབ་པ་དེར་འགྲེམས་སྟོན་ཁང་དང་དེ་མིན་པའི་འབྲེལ་ཡོད་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཆབས་ཅིག་ང་ཚོ་དགའ་དགོས་པ་ཞིག་ཡིན་ཞེས་གསུངས་འདུག
མཚན་ཞབས་ངག་དབང་རྡོ་རྗེ་ཡི་རྗེས་དྲན་རྟེན་གྱི་པར་རིས་འགྲེམས་སྟོན་འདི་སྤྱི་ཟླ་བརྒྱད་པའི་བར་གནང་རྒྱུ་རེད་འདུག
མཚན་ཞབས་ངག་དབང་བློ་བཟང་རྡོ་རྗེ་གམ་ཨག་ཝན་རྡོ་རྗེ་གཡིབ་ནི་སྤྱི་ལོ་༡༨༥༤ ལོར་ཨུ་རུ་སུའི་ཁྱབ་ཁོངས་སོག་ཡུལ་ས་གནས་སུ་འཁྲུངས་པ་དང་། ༡༨༧༣ ལོར་དགུང་ལོ ༡༩ སྐབས་བོད་དུ་ཕེབས་ནས་ནང་ཆོས་ལ་བརྩོན་པ་བྱས་ནས་རྗེས་སུ་དགེ་བཤེས་ལྷ་རམས་པ་ཐོན། ཁོང་ནི ༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་མཚན་ཞབས་དང་ཐུགས་ཉེ་བ་ཞིག་ཡིན་པ་མ་ཟད། ཨུ་རུ་སུའི་རྒྱལ་ཁབ་དང་བོད་གཞུང་དབར་གྱི་གཞུང་འབྲེལ་འབྲེལ་མཐུད་པ་ཡིན་པ་རེད།
སྤྱི་ལོ ༡༩༠༩ ལོར་ཁོང་གིས་ཨུ་རུ་སུའི་སན་པི་ཊར་སི་བྷག་ཏུ་ནང་པའི་དགོན་པ་གསར་བཞེངས་གནང་བ་དེ་ནི་ཕྱི་གླིང་ཡུ་རོབ་ཏུ་ནང་པའི་དགོན་པ་ཐོག་མ་དེ་ཆགས་ཡོད་པ་དང་། དེ་བཞིན༡༩༡༣ ལོར་བོད་དང་སོག་པོ་གཉིས་བར་ཕན་ཚུན་རང་བཙན་གཙང་མའི་རྒྱལ་ཁབ་ཡིན་པའི་ངོས་འཛིན་གྱི་ཆིངས་ཡིག་ཐོག ཁོང་དང་བོད་པའི་སྐུ་ཚབ་གཉིས་ཀྱིས་བོད་ཕྱོགས་ཀྱི་མཚན་རྟགས་བཀོད་ཡོད་པ་རེད།
ཨུ་རུ་སུའི་ཆབ་སྲིད་ལམ་ལུགས་དེ་དམར་ཤོག་རིང་ལུགས་ཆགས་རྗེས། གཞུང་གིས་མཚན་ཞབས་ངག་དབང་རྡོ་རྗེར་གསར་བརྗེར་ངོ་ལོག་པ་དང་། སོག་པོའི་རིང་ལུགས་རྒྱ་བསྐྱེད། དེ་བཞིན་འཇིགས་སྐུལ་དྲག་སྤྱོད་པ་སོགས་ཡིན་པའི་ཉེས་འཛུགས་འོག སྤྱི་ལོ༡༩༣༧ ལོར་འཛིན་བཟུང་བྱས་ཏེ། སྤྱི་ལོ ༡༩༣༨ ལོར་བཙོན་ཁང་གི་སྨན་ཁང་དུ་སྐུ་གྲོངས་ཡོད་པ་རེད།
གསར་འགོད་པ་སངས་རྒྱས་རྡོ་རྗེ། ཕབ་བཤུས་སྟག་ལྷ་རྒྱལ།