གླིང་ཚ་མུ་མཐུད་ནས་རྩད་གཅོད་བྱེད་ངེས་ཡིན་གསུངས་འདུག།


2016.10.12
གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་བཟའ་ཟླ་ནང་མི་སྲིད་སྐྱོང་མཆོག་དང་མཇལ་སྐབས། ༢༠༡༦།༡༠།༡༡ གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་བཟའ་ཟླ་ནང་མི་སྲིད་སྐྱོང་མཆོག་དང་མཇལ་སྐབས། ༢༠༡༦།༡༠།༡༡
མཐུན་འགྱུར་པར་རིས། དོན་གྲུབ་བཀྲ་ཤིས།

བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་བཟའ་ཟླ་དང་བྱིས་བ་གཉིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་དང་སྲིད་སྐྱོང་། བདེ་སྲུང་བཀའ་བློན་སོགས་ལ་ཐུག་འཕྲད་དང་བོད་མིའི་སྒྲིག་འཛུགས་ངོས་ནས་མུ་མཐུད་དུ་རྩད་གཅོད་བྱེད་བཞིན་པ་གསུང་འདུག
དེ་ཡང་བོད་དོན་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་སྤྱི་ལོ་༢༠༡༣་ལོར་བོད་དོན་ཞི་བའི་ལས་འགུལ་ཐེངས་གཉིས་བ་སྤེལ་སྐབས། རྒྱ་གར་གྱི་ས་མཚམས་ནས་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་གསུམ་ལྷག་འགོར་བའི་སྐབས་འདིར། ཉེ་ཆར་ཨས་སུ་རལ་རྒྱལ་ཁབ་ཏུ་ཡོད་པའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་བཟའ་ཟླ་དང་བྱིས་པ་གཉིས་བཞུགས་སྒར་ངྷ་རམ་ས་ལར་འབྱོར་ཡོད་པ་ལྟར། ཟླ་བ་འདིའི་ཚེས་༡༡་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག དེ་བཞིན་བདེ་སྲུང་བཀའ་བློན་འཕགས་པ་ཚེ་རིང་མཆོག་བཅས་ལ་སོ་སོར་ཐུག་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དགོངས་པ་བཞེས་ཕྱོགས་གང་ཡིན་པ་དང་། གླིང་ཚ་ཚེ་བརྟན་རྡོ་རྗེའི་སྐོར་གོ་ཐོས་ཡོད་མེད་སོགས་བཀའ་འདྲི་ཞུས་པའི་ལན་དུ། སྲིད་སྐྱོང་མཆོག་གིས་ང་ཚོས་གླིང་ཚ་ཁོང་རྒྱ་གར་ནང་ཧ་ལམ་མེད་པ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་སྐོར་དང་། ཁོང་མ་བུ་གསུམ་ལ་དཀའ་ངལ་ག་རེ་ཡོད་ཀྱང་ང་ཚོར་གསུང་དགོས་པ་དང་། ད་སྔ་བདེ་སྲུང་ལས་ཁུངས་ངོས་ནས་གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་ལགས་སུ་རོགས་རམ་ཕྲན་བུ་རེ་གནང་གི་ཡོད་ཚུལ། མ་འོངས་པར་ཡང་གང་ཐུབ་གནང་ངེས་ཡིན་སྐོར་སོགས་གསུངས་འདུག དེ་བཞིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སེམས་ཤུགས་ལ་རྒྱ་དང་། ཆོད་སེམས་སོགས་ཧ་ཅང་ཚད་མཐོན་པོ་ཞིག་ལ་ངོས་འཛིན་ཞུ་བཞིན་པ་དང་། བདེ་སྲུང་བཀའ་བློན་མཆོག་ལ་ཐུག་འཕྲད་བཅས་ཁོང་ཚོ་ཚང་མས་བོད་མིའི་སྒྲིག་འཛུགས་ངོས་ནས་གླིང་ཚའི་སྐོར་རྒྱ་གར་གཞུང་དང་མཉམ་འབྲེལ་ཐོག་ད་སྔ་གང་ཐུབ་ཅི་ཐུབ་ཀྱིས་རྩད་གཅོད་གནང་ཡོད་སྐོར་དང་། མ་འོངས་པར་ཡང་མུ་མཐུད་དུ་རྩད་གཅོད་གནང་ངེས་ཡིན་པ་སོགས་གསུངས་བ་བོད་ཀྱི་དུས་བབ་ཀྱིས་གནས་ཚུལ་སྤེལ་འདུག
ཟླ་བ་འདིའི་ཚེས་༥་ཉིན་གྱི་དགོང་མོར་བོད་དོན་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་ཆུང་མ་ལྕམ་ཡཱེལ་ཕཱཧྥིརེ་(Yael Pferrer)དང་། ད་ལྟ་ལོ་ན་བདུན་ལ་སོན་པའི་གླིང་ཚ་ཚེ་བརྟེན་རྡོ་རྗེ་ལགས་ཀྱི་བུ་མོ་ཐར་མ་མཚོ། ལོ་ན་བཞི་ཅན་གྱི་བུ་ཁ་བའི་ལྷ་སྲས་མ་སྨད་གསུམ་ཨས་སུ་རལ་ནས་དྷ་རམ་ས་ལར་འབྱོར་ཏེ་གླིང་ཚའི་ཨ་མ་སྡོམ་པོ་སྐྱིད་ལགས་དང་ལྷན་འཛོམས་ཐེངས་དང་པོ་བྱུང་ཡོད་པ་རེད།
ད་ཐེངས་ཀྱི་ལྷན་འཛོམས་ནི་ཨསསུ་རལ་རྒྱལ་ཁབ་ཏུ་སྡོད་པའི་བོད་མི་སྐྱབས་བཅོལ་བ་ཁ་ཤས་ཀྱིས་སྣེ་འཁྲིད་དེ་སྐད་འཕྲིན་ཚོགས་པ་ཞིག་ལས་ཞལ་འདེབས་བསྡུས་ནས་ཁོང་མ་སྨད་གསུམ་ཐེངས་འདིར་རྡ་རམ་ས་ལར་ཆེད་དུ་ཨ་མ་སྡོམ་པོ་སྐྱིད་ལ་ངོ་ཐུག་པར་བཏང་བ་ཞིག་ཡིན་འདུག
སྤྱི་ལོ་༢༠༡༣་ལོའི་གསུམ་བཅུ་དུས་དྲན་ཉིན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ནས་བོད་སྐྱོད་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་འགོ་འཛུགས་ཀྱིས། ཉིན་གྲངས་༨༩་འི་རྗེས་ཏེ། ལོ་དེའི་སྤྱི་ཟླ་དྲུག་པའི་ཚེས་༨་ཉིན་རྒྱ་གར་གྱི་ནུབ་བྷང་གྷིལ་མངའ་སྡེའི་ཀ་ལོན་སྦུག་ནས་གར་སོང་ཆ་མེད་དུ་གྱུར་ཏེ། ད་བར་ཁོང་གི་ཤི་གསོན་གྱི་གནས་སྟངས་གང་ཡང་ཤེས་རྟོགས་མེད་པར་ལྷག་ཡོད།

གསར་འགོད་པ་ལྕགས་མོ་འཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཡུ་རོབ་གྲོས་ཚོགས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་སྒོར་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་སྐྱོན་བརྗོད་ཀྱི་གྲོས་ཆོད་ཚད་མཐོའི་མང་མོས་ཐོག་གཏན་འབེབས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎