བློ་བཟང་དར་རྒྱས་བཀག་ཉར་གྱིས་གཅར་རྡུང་བྱས་འདུག
2017.03.21
རྔ་བར་ཞི་རྒོལ་རྗེས་འཛིན་བཟུང་བྱས་བའི་བློ་བཟང་དར་རྒྱས་ལགས་སུ་རྒྱ་ནག་གི་ཉེན་རྟོག་པས་གཅར་རྡུང་བྱེད་བཞིན་ཡོད་འདུག
དེ་ཡང་ཟླ་བ་འདིའི་ཚེས་༡༦ཉིན་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་བློ་བཟང་དར་རྒྱས་ལགས་ཀྱིས། རྔ་བ་རྫོང་ཐོག་ནས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་བྱས་ནས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྗེས། ད་ལྟ་ཁོང་རྔ་བ་རྫོང་ཁོངས་སུ་ཡོད་པའི་རྒྱ་ནག་གཞུང་གི་དམག་སྒར་གསར་པ་ཞིག་ཡོད་པ་དེའི་ནང་བཀག་ཉར་བྱེད་བཞིན་ཡོད་འདུག་པར་མ་ཟད། བཀག་ཉར་བྱེད་རིང་ཁོང་ལ་ཉེས་རྡུང་མནར་གཅོད་ཚད་མེད་བཏང་ནས་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་གི་གནས་སུ་གྱར་བཞིན་ཡོད་པ་བོད་ནས་འདི་ག་རླུང་འཕྲིན་ཁང་དུ་གནས་ཚུལ་ཆ་རྒྱུས་ཡོད་པའི་མི་ཞིག་གིས་འགྲེལ་བརྗོད་བྱས་ཡོད་པ་རེད།
གནས་ཚུལ་མཁོ་སྤྲོད་པ་དེས་བརྗོད་ན། ཁོང་གི་ཉེ་འབྲེལ་དང་ནང་མི་ཚོས་སེམས་འཚབ་ཆེན་པོའི་ངང་གནས་བཞིན་ཡོད་འདུག་པ་དང་། སྐུ་ཞབས་བློ་བཟང་དར་རྒྱས་ལགས་འཇུ་བཟུང་བྱས་ནས་ཉིན་གྲངས་གཉིས་ཙམ་གྱི་རྗེས་རྒྱ་ནག་ཉེན་རྟོག་པ་ཁོང་གི་གྲྭ་ཤག་ཏུ་ཡོང་ནས་སློབ་གྲའི་དགེ་རྒན་ལ་དྲི་རྩད་བྱས་འདུག་ཅིང་། ཁོང་གི་ནང་མི་ཚོ་ཡང་ཉེན་རྟོག་ལས་ཁང་དུ་བོས་ནས་དྲི་རྩད་བྱེད་བཞིན་ཡོད་འདུག དེ་དང་འབྲེལ་ཟླ་བ་འདིའི་ཕྱི་ཚེས་༡༨ ཉིན་ཞི་བའི་ངོ་རྒོལ་སྐད་འབོད་གནང་མཁན་བོད་མི་གདུགས་བྷེ་འཇུ་བཟུང་བྱས་པའི་ཉིན་དེ་གར་ཁོང་གི་ནང་མི་སྤུན་མཆེད་ཚོར་ཡང་རྒྱ་ནག་ཉེན་རྟོག་པས་དྲི་རྩད་བྱེད་བཞིན་ཡོད་འདུག
གསར་འགོད་པ་འཆི་མེད།